ཞིང་ཆེན་དང་གྲོང་ཁྱེར་གྱི་ཁ་སྤྲོད་རོགས་སྐྱོར་རེས་སྐོར་གསར་པས་མཚོ་སྔོན་དུ“མཐོར་འདེགས་ལྔ”མངོན་འགྱུར་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་གྲོང་ཐིང་ནས་ཤེས་གསལ་ལྟར་ན། མཚོ་སྔོན་གྱི་ཁ་སྤྲོད་རོགས་སྐྱོར་གྱི་ནང་རྐྱེན་ལམ་ལུགས་རྒྱུན་ཚུལ་ཅན་དུ་འགྱུར་པའི་འཕེལ་ཁ་དང་བསྟུན་ནས་ཞིང་ཆེན་དང་གྲོང་ཁྱེར་གྱིས་མཚོ་སྔོན་གྱི་ཁ་སྤྲོད་རོགས་སྐྱོར་རེས་སྐོར་གསར་པའི་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་དེ། ཞིང་ལས་ནས་མཚོ་སྔོན་ལ“ཁྲག་སྣོན”རྣམ་པའི་རོགས་སྐྱོར་བྱེད་ཐབས་སྔ་མ་དེ“ཁྲག་བཟོ”རྣམ་པར་བསྒྱུར་ནས་རོགས་སྐྱོར་བྱས་ཤིང་། ཞིང་ཆེན་དང་གྲོང་ཁྱེར་གྱི་མཉམ་ལས་བརྗེ་སྤེལ་ལ་བརྟེན་ནས་ཞིང་ལས་ནས་མཚོ་སྔོན་ལ་རོགས་སྐྱོར་བྱས་པར་བརྗེ་སྤེལ་མཉམ་ལས་ཀྱི་ཕན་འབྲས་བཟང་ཞིང་། རོགས་སྐྱོར་བྱེད་སྟངས་གསར་པ་ཡིན་པ། མཚོ་སྔོན་རོགས་སྐྱོར་ལས་གཞི་དང་མཉམ་ལས་བརྗེ་སྤེལ་རྒྱ་ཆེ་བ། ལག་རྩལ་འཇོན་མི་བར་གྱི་འབྲེལ་འདྲིས་མཐོར་འདེགས་བཅས་ཕྱོགས་ལྔར་མཐོར་འདེགས་སྔ་ན་མེད་པ་ཞིག་བྱུང་ཡོད་པ་རེད།

ཞིང་ཆེན་ཞིང་ལས་ཞིང་གྲོང་ཐིང་གིས་ཐིང་ཀྲང་ཝང་ཡུས་ཧུའུ་ཡིས། ཞིང་ལས་མཚོ་སྐྱོར(མཚོ་སྔོན་རོགས་སྐྱོར)གྱི་ལས་འགོ་བསླངས་རྗེས་ཞིང་ཆེན་དང་ས་ཁུལ་ཁག་གི་རོགས་སྐྱོར་བྱེད་སྟངས་ལ་གསར་གཏོད་ཀྱི་ཆ་མང་པོ་ཞིག་མངོན་ཡོད་དེ། དཔེར་ན། པེ་ཅིང་གིས་གསར་སྤེལ་བྱེད་ས་གསར་པར“མཚོ་སྔོན་གྱི་སྒེའུ་ཁུང”ཞེས་པ་བཙུགས་པ་ལྟ་བུ། ཧྲང་ཧའེ་གྲོང་ཁྱེར་གྱིས་མགོ་ལོག་གི་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་ལས་སྣོན་ཚད་ལྡན་ཅན་ལ་རྒྱབ་སྐྱོར་བྱེད་པའི་རྟེན་གཞི་ལྟ་བུ། ཐིན་ཅིན་གྲོང་ཁྱེར་གྱིས་རྨ་ལྷོ་གཅན་ཚྭའི་རྒུན་འབྲུམ་མྱུག་གསོ་རྟེན་གཞི་དང་། རྩེ་ཁོག་གི་སྐྱེ་ལྡན་མ་ཁང་རྟེན་གཞི་བཅས་འཛུགས་པར་རྒྱབ་སྐྱོར་བྱས་པ་ལྟ་བུ། ཅང་སུའུ་ཞིང་ཆེན་གྱིས“ཅང་སུའུ་ཡི་ཁེ་ལས་མཚོ་སྔོན་དུ་ཡོང་བ་དང་”“མཚོ་སྔོན་གྱི་ཐོན་རྫས་ཅང་སུའུ་རུ་འདྲེན་པ”ལྟ་བུ། ཀྲེ་ཅང་གིས་ཅ་ཞིན་འཛམ་གླིང་སིལ་ཏོག་གྲོང་དུ་ཚྭ་འདམ་གྱི་འཕང་འབྲས་ཁྲོམ་སྲང་ཞིག་བསྐྲུན་པ་ལྟ་བུ། ཧྲན་ཏུང་གིས་མཚོ་བྱང་ཁུལ་གྱི“སྐམས་ལུག་ཁྲི་མ་འབུམ”ཧྲན་ཏུང་གི་ལས་གཞི་ཁྲོད་འཇུག་པ་ལྟ་བུ་སོགས་ཡོད་ཅིང་། དེ་དང་མཉམ་དུ་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་སྒེའུ་ཁུང་བཟོས་ནས་འགྲེམ་ཚོགས་ཀྱི་སྡིངས་ཆར་བརྟེན་ནས་རང་རེའི་ཞིང་ཆེན་གྱི་ཁྱད་ལྡན་ཐོན་རྫས་མང་པོ་ཞིག་མངའ་ཁོངས་ཕྱིར་བསྐྱོད་དུ་བཅུག་ཡོད་ཟེར།

རགས་རྩིས་ཤིག་བརྒྱབ་ན། 2014ལོ་ནས་བཟུང་། ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཞིང་འབྲོག་ལས་དང་། སྣོད་བཅུད་འབྲོག་ལས། ཞིང་ཕྱུགས་ཐོན་རྫས་བཅས་ལ་བཟོ་སྣོན་སོགས་བྱེད་ཐུབ་པའི་ཐོན་ལས་རོགས་སྐྱོར་གྱི་ལས་གཞི་རིགས་ཆེ་ཤོས8དང་ལས་གཞི81སྐོར་ཐོག་མ་འཚོལ་ཞིབ་ཐོག་ལག་བསྟར་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར9.3བཏང་བ་མཚོ་སྐྱོར་མ་དངུལ་སྤྱིའི་གྲངས་འབོར་གྱི20%ཟིན་ཡོད་པ་རེད། དེ་དང་ཆབས་ཅིག་ཅང་སུའུ་ཤར་ནུབ་རྒྱུད་མཉམ་ལས་ཁེ་ལས་ཀྱིས་ལས་གཞི9སྟེ་མ་དངུལ་དུང་ཕྱུར8.5ཡི་གྲོས་ཆིངས་བཞག་ལ། དེ་ལས་ལག་ཏུ་དངོས་སུ་འབྱོར་བ་མ་དངུལ་དུང་ཕྱུར4.4རེད། ཧྲང་ཧའེ་ཡིས་མགོ་ལོག་པདྨ་རྫོང་ལྕང་རི་ཐང་དུ་དྲོད་ཁང་སྔོ་ཚལ་འདེབས་འཛུགས་ལས་གཞི་འཛུགས་པར་རོགས་སྐྱོར་བྱས་ནས་མགོ་ལོག་བོད་རིགས་སྐྱོང་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་དང་སྒྲིག་ཆས་ཆ་ཚང་བའི་སྔོ་ཚལ་ཐོན་སྐྱེད་དྲོད་ཁང་རྟེན་གཞིར་གྱུར་ཡོད་པ་རེད།

ད་སྔ་ཟི་ལིང་གྲོང་ཁྱེར་དང་སི་ཁྲོན་ཞིང་ཆེན་ཞིང་ཨུ་གཉིས་ཀྱིས“འཕུར་བའི་ས་ཆ”(“飞地”)ཐོན་ལས་གོང་སྤེལ་ཐད་ནས་གྲོས་ཆིངས་བཞག་ནས་ལོ་རེར་ཏེ་དབྱང་ནས་སྔོ་ཚལ་ཏུན་ཁྲི4སྐྱེལ་འདྲེན་བྱ་རྒྱུ་བྱས་ཡོད་པ་དང་། ལོ་རེར་རང་རེའི་ཞིང་ཆེན་ལ་སྔོ་ཚལ་གསར་རྐྱང་ཏུན་ཁྲི2 མཁོ་འདོན་བྱས་ཏེ། དགུན་དཔྱིད་ཀྱི་དུས་ཚིགས་ནང་ཟི་ལིང་གྲོང་ཁྱེར་གྱི་སྔོ་ཚལ་མཁོ་འདོན་གྱི་འགལ་བ་ཞི་འཇགས་སུ་གཏང་རྒྱུ་བྱས་ཡོད་པ་རེད། མཚོ་ཤར་གྲོང་ཁྱེར་དང་ཨན་ཧུའེ་ཞིང་ཆེན་གཉིས་ཀྱིས་ཞིང་ལས་སྒྲིག་ཆས་དང་། རྨོ་ལས་གོང་སྤེལ་ཆ་ནས་མཉམ་ལས་བྱ་རྒྱུའི་གྲོས་ཆིངས་བཞག ཞིང་ཆེན་ཞིང་ལས་ཞིང་གྲོང་ཐིང་གིས་ཀན་སུའུ་དང་། བོད་ལྗོངས་སོགས་ཀྱི་ཞིང་ལས་ཕྱོགས་ཀྱི་སྡེ་ཚན་དང་མཐོ་རིམ་སློབ་གྲྭའི་བར་བརྗེ་སྤེལ་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཏེ། མངའ་ཁོངས་གཙོ་བོ་དག་གི་འཇོན་མི་སྐྱེད་སྲིང་ཐད་ལས་མཉམ་ལས་བྱས་ནས་སྐམས་དང་ནས་ལ་སོགས་ཀྱི་ཐོན་ལས་དར་སྤེལ་ལ་ཤུགས་རྒྱག་རྒྱུ་བྱས་འདུག

ཝང་ཡུས་ཧུའུ་ཡིས་འདི་སྐད། ལོ་དུ་མའི་རིང་ལ། ཁ་མཐུན་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ལས་བྱེད་མངག་སྦྱོང་དང་། ལག་རྩལ་ཞབས་ཞུ། ཟབ་སྦྱོང་ལ་སོགས་བརྒྱུད་དེ་རོགས་སྐྱོར་བྱ་ཡུལ་གྱི་ཞིང་འབྲོག་ལས་གོང་སྤེལ་ལ་སྔོན་ཐོན་གྱི་ཆ་མང་པོ་ཞིག་སྤེལ་ཏེ། མཚོ་སྔོན་བོད་ཁུལ་གྱི་ཞིང་འབྲོག་ལས་དོ་དམ་དང་ཆེད་ལས་ལག་རྩལ་གྱི་འཇོན་མིའི་སྒྲིག་གཞི་ལེགས་པོར་བསྒྱུར་བ་དང་། ནང་འདྲེན་དང་། རྗེས་ཆོད་པ། མ་དངུལ་གཏོང་འཇོག་སོགས་ལ་བརྟེན་ནས་དོ་དམ་རིགས་ཀྱི་འཇོན་མི་དང་། ཕྱུག་འགྱུར་འཇོན་མི། ཆེད་ལས་འཇོན་མི1200ལྷག་ལ་ཟབ་སྦྱོང་བྱས་ཏེ། མངའ་ཁོངས་ཀྱི་ཆ་ནས་མ་དངུལ་དང་ལག་རྩལ། དོ་དམ། འཇོན་མི། ཁྲོམ་རའི་དགེ་མཚན་ལྡན་པའི་ལས་གཞི་སྐོར་ཞིག་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་དང་། ནང་རྐྱེན་ལ་ཤུགས་སྣོན། རིམ་པ་མང་ཞིང་རྣམ་པ་སྣ་ཚོགས་པར་འབྲེལ་སྦྱོར་བྱས་ནས་མཉམ་ལས་དང་བརྗེ་སྤེལ་གྱི་རྣམ་པ་གསར་པ་ཞིག་ངང་གིས་ཆགས་བཞིན་ཡོད་ཟེར།

ཁོན་ཐར་འཚོས་བསྒྱུར།