ཧྭ་ཝའེ་ཡིས་ཞིང་ཆེན་སློབ་གསོ་ཐིང་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་མཚོ་སྔོན་གྱི་ཆ་འཕྲིན་ལག་རྩལ་ལས་རིགས་སློབ་གསོའི་མནའ་འབྲེལ་བཙུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས2ཉིན། ཧྭ་ཝའེ་དང་ཞིང་ཆེན་སློབ་གསོ་ཐིང་གིས་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དུ་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་ནས་མཚོ་སྔོན་གྱི་ཆ་འཕྲིན་ལག་རྩལ་ལས་རིགས་སློབ་གསོའི་མནའ་འབྲེལ་ཡང་བཙུགས་པ་རེད།

2018ལོར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་སྐུལ་འདེད་འོག ཧྭ་ཝའེ་ཀུང་སིས་མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་ལྕི་བའི་བཟོ་ལས་ལས་རིགས་དང་མཉམ་དུ་སློབ་གྲྭ་དང་ཁེ་ལས་དབར་མཉམ་ལས་བྱེད་པའི་འདོད་འདུན་གཏན་འཁེལ་བྱས་པ་དང་། ལོ་གཅིག་རིང་གྲོས་སྡུར་གཏིང་ཟབ་བྱས་པ་བརྒྱུད་ནས་མ་འོངས་བ་དྲ་རྒྱའི་འདུ་འགོད་དང་དྲ་རྒྱའི་བདེ་འཇགས་ཆེད་ལས་ཀྱི་ཁ་ཕྱོགས་ཐད་མཉམ་ལས་གཏིང་ཟབ་བྱ་རྒྱུ་དང་། སློབ་གྲྭ་དང་ཁེ་ལས་ཕྱོགས་གཉིས་པོས་དགེ་རྒན་གསོ་སྐྱོང་དང་། སློབ་ཚན་མ་ལག་འཛུགས་སྐྲུན། ཚོད་ལྟའི་དངོས་སྦྱོང་། སློབ་མའི་དཔང་དངོས་བདེན་པ་ཡིན་པའི་ར་སྤྲོད། ཤེས་ལྡན་མི་སྣའི་ལས་ཞུགས་སོགས་ཀྱི་ཕྱོགས་སུ་མཉམ་ལས་བྱས་པ་རེད།

དེ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས་ཧྭ་ཝའེ་ཀུང་སིས་རང་ངོས་དང་ཐོན་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་གཞིར་བཟུང་སྟེ། མཚོ་སྔོན་གྱི་ལས་རིགས་སློབ་གསོ་དང་མཉམ་ལས་ལ་གྲོས་སྡུར་བྱ་རྒྱུ་དང་། “རིག་ལྡན་སློབ་གྲྭ”སོགས་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཁྱབ་ཁོངས་ལ་དམིགས་ནས་ལེགས་འདེམས་ཐོན་ཁུངས་མཉམ་སྤྱོད་བྱས་ཏེ། མཚོ་སྔོན་འགྲིམ་འགྲུལ་ལས་རིགས་ལག་རྩལ་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་ལྕི་བའི་བཟོ་ལས་ལས་རིགས་སོགས་སློབ་གླིང12དང་མཉམ་དུ་མཚོ་སྔོན་གྱི་ཆ་འཕྲིན་ལག་རྩལ་ལས་རིགས་སློབ་གསོའི་མནའ་འབྲེལ་བཙུགས་པ་རེད།

མཚོ་སྔོན་གྱི་ཆ་འཕྲིན་ལག་རྩལ་ལས་རིགས་སློབ་གསོའི་མནའ་འབྲེལ་གྱིས“མཉམ་སྐྲུན་མཉམ་སྤྱོད་དང་། འདྲ་མཉམ་གཉིས་ཕན། མཉམ་ལས་གཉིས་ཁེ་”བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། དོན་དངོས་དང་ཟུང་འབྲེལ་དང་བསམ་ཕྱོགས་གསར་གཏོད་བྱས་ཏེ། མཚོ་སྔོན་གྱི་ཆ་འཕྲིན་ལག་རྩལ་ཐོན་ལས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ཚད་དུ་བྱེད་པ་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་རྨང་གཞིར་བྱེད་པ། ཆེད་ལས་འཕེལ་རྒྱས་འབྲེལ་ཐག་ཏུ་བྱེད་པ། གཞི་གྲངས་ཅན་གྱི་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་ལྟེ་བར་བྱེད་པ་བཅས་རེད། ལས་རིགས་སློབ་གླིང་དང་སློབ་གྲྭ་དང་ཁེ་ལས་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ལས་རིགས་སློབ་གསོའི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏང་བ། སློབ་གཉེར་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཐོན་ཁུངས་གསབ་རེས་དང་། ཤེས་ལྡན་པ་གསོ་སྐྱོང་། སློབ་གྲྭ་དང་ཁེ་ལས་ཀྱི་དམིགས་ཡུལ་མངོན་འགྱུར་ཡོང་བ་བྱས་ཏེ། ནང་དོན་ཟབ་ཞིང་སྤུས་ཚད་ལེགས་པའི་དེང་རབས་ལས་རིགས་སློབ་གསོའི་མནའ་འབྲེལ་བཙུགས་ཏེ། རང་ཞིང་གི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་། དབུལ་ཐར་འགག་སྒྲོལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏང་ཆེད་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ལྡན་པའི་ཤེས་ལྡན་པ་དེ་བས་མང་བ་ཞིག་གསོ་སྐྱོང་བྱ་དགོས་པ་བསྟན།

རྗེས་ཕྱོགས། མཚོ་སྔོན་ས་ཁུལ་དུ་ཧྭ་ཝའེ་ཀུང་སིས་ལས་རིགས་སློབ་གསོའི་མནའ་འབྲེལ་དང་མཉམ་དུICTཤེས་ལྡན་མི་སྣ་གསོ་སྐྱོང་གི་མཉམ་ལས་གཏིང་ཟབ་དང་། གཞི་གྲངས་ཅན་དུ་འགྱུར་བའི་ཁ་ཕྱོགས་བསྒྱུར་བར་མཁོ་བའིICTཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལམ་བུ་ཞིག་འཚོལ་ཞིབ་བྱ་རྒྱུ་རེད། ལམ་སྟོན་བརྗེ་རེས་དང་། དྲ་རྒྱའི་བདེ་འཇགས། ཟོག་སྦྲེལ་དྲ་རྒྱ། སྤྲིན་རྩིས། གཞི་གྲངས་ཆེན་པོ་སོགས་ཁྱབ་ཁོངས་སུ་འབྱུང་འགྱུར་ལ་ཕྱོགས་པའི་ཕུལ་བྱུང་གིICTཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་དགོས་པ་བསྟན།

ལོ་ཙཱ་བ། གཡང་སྐྱིད།