སྐབས་བཅུ་པའི་སྟག་རིའི་མཛའ་གཞས་དུས་སྟོན་མཛད་སྒོ་དེ་ཟླ7པའི་ཚེས5ཉིན་འགོ་རྩོམ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2019ལོའི་་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅོ་བརྒྱད་པའི་ཧོར་རིགས་ཀྱི་ཨན་ཀྲའོ་ན་ཏུན་དུས་ཆེན་དང་རྟ་ཐང་རྫོང་གི་སྐབས་བཅུ་པའི་སྟག་རིའི་མཛའ་གཞས་དུས་སྟོན་གྱི་རིམ་བསྟར་རིག་གནས་བྱ་འགུལ་དེ་ཟླ7ཚེས5ཉིན་སྤེལ་རྒྱུ་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། བྱ་འགུལ་དེའི་དུས་ཡུན་ཉིན5ཡིན་ལ། “བདེ་སྐྱིད་ཀུན་ལྡན་གྱི་རྟ་ཐང་། མཚོ་སྔོན་རྒྱ་གཞས་ཀྱི་ཕ་ས”ཞེས་པ་བརྗོད་དོན་དུ་བཟུང་ནས། ཚོན་མདངས་རྣམ་པར་བཀྲ་ཞིང་རྣམ་པ་སྣ་མང་ཅན་གྱི་རིམ་བསྟར་རིག་གནས་བྱ་འགུལ་དེ་སྤེལ་རྒྱུ་ཡིན་ལ། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས“སྟག་རིའི་མཛའ་གཞས་དུས་ཆེན”གྱི་སྒྱུ་རྩལ་འགུགས་ཤུགས་འགྲེམས་སྟོན་བྱས། བྱ་འགུལ་དེས“རི་མཐོ་ཆུ་གཙང་དང་མེ་ཏོག་གི་རྒྱ་མཚོ།” “མེ་ཏོག་མཉམ་བཞད། དམངས་ཁྲོད་སྤྲོ་སྐྱིད།” “ཤུལ་བཞག་རྒྱུན་འཛིན། ཚོན་མདངས་རྣམ་བཀྲ།” “ཟས་མཆོག་གི་རིག་གནས། ཞིང་གྲོང་གི་འཁྱུག་ཁུགས”བཅས་རིམ་པ་ཆེན་པོ་བཞི་རུ་དབྱེ་ཡོད། དེའི་ཁོངས་སུ་འགོ་ཚུགས་མཛད་སྒོ་དང་སྟག་རིའི་མཛའ་གཞས་དུས་སྟོན་གྱི་ཆེད་བཟོས་འཁྲབ་སྟོན་ཚོགས་ར། དམངས་ཁྲོད་ཀྱི་ཕུལ་བྱུང་དབྱངས་རྟའི་སྒྱུ་རྩལ་གླུ་གར་འཁྲབ་སྟོན་ཚོགས་པའི་ལེ་ཚན་འཁྲབ་སྟོན། བྱང་ཡུལ་ཟི་ཁྲོན་ཆིན་གྱི་དབྱངས་རྟའི་ཟློས་གར་ཆེད་བཟོས་འཁྲབ་སྟོན། ཐག་སྒུལ་ཟློས་གར་དབྱངས་རྟ་སོགས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་གྱི་ཕུལ་བྱུང་ཟློས་གར་འཁྲབ་སྟོན་འགྲེམས་སྟོན་བྱས་ཡོད། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་བརྩམས་ཆོས་འགྲེམས་སྟོན་ཕྱིར་འཚོང་དང་རྟ་ཐང་མཚོ་ཤར་ས་ཁུལ་གཉིས་ཀྱི་ཡིག་གཟུགས་དང་རི་མོའི་འགྲེམས་སྟོན། ཟས་མཆོག་དུས་ཆེན་གྱི་བྱ་འགུལ་གང་དེའི་འགོ་ཚུགས་མཛད་སྒོ་དང་གསོལ་ཚིགས་ཁང་གྲགས་ཅན་འགྲེམས་སྟོན་སོགས་བྱས་ཡོད།

དེའི་ཁྲོད་སྟག་རིའི་མཛའ་གཞས་ཆེད་དོན་འཁྲབ་སྟོན་ཚོགས་པ་ནི་ཕུལ་བྱུང་མཛའ་གཞས་གླུ་བ་གླུ་མ་དག་གིས་གྲུབ་ཡོད་ལ། འཁྲབ་ལེན་སྣ་ཚོགས་ལ་བརྟེན་ནས་སྒྱུ་རྩལ་འཁྲབ་སྟོན་བྱེད་པའི་རྣམ་པ་ཞིག་དང་མཛའ་གཞས་ཀྱི་ཐུན་མིན་སྒྱུ་རྩལ་གང་དེའི་འགུག་ཤུགས་འགྲེམས་སྟོན་བྱས། ཟླ7ཚེས6ནས་ཚེས8ཉིན་བར་རྟ་ཐང་ཆེད་བཟོས་ཚོགས་རའི་ནང་སྤེལ་རྒྱུ་ཡིན་ལ། ཚེས7ནས་ཚེས9ཉིན་སོ་སོར་ཙོང་ཁའི་ཆེད་བཟོས་ཚོགས་ར་དང་མཚོ་ཤར་ཚོགས་རའི་ནང་སྤེལ་རྒྱུ་ཡིན་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།