མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱི་ཡིག་ཆ།

མཚོ་སྲིད་གཞུང་ལས་ཐིན[2019]ཨང26པ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་གྱི་ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་དོ་དམ་ལ་ཤུགས་བསྣན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར་བརྒྱུད་སྤེལ་བྱས་པའི་བརྡ་སྦྱོར།

གྲོང་ཁྱེར་དང་རང་སྐྱོང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་གྱི《ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་དོ་དམ་ལ་ཤུགས་བསྣན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ལ་ཞིང་ཆེན་སྲིད་གཞུང་གི་ཡིད་འཐད་བྱུང་ཞིང་། ད་ལྟ་ཁྱོད་ཚོར་བརྒྱུད་སྤེལ་བྱ་རྒྱུ་ཡིན་པས། དོན་དངོས་དང་ཟུང་འབྲེལ་བྱས་ནས་ནན་ཏན་སྒོས་དོན་འཁྱོལ་མཐར་ཕྱིན་བྱེད་པར་ལེགས་འཛིན་བགྱི་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན

2019ལོའི་ཟླ3པའི་ཚེས4ཉིན།

ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་དོ་དམ་ལ་ཤུགས་བསྣན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར།

ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན།

ཉེ་བའི་ལོ་ཤས་རིང་ལ། རང་རེའི་ཞིང་ཆེན་གྱིས་གཏོང་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་བ་དང་། ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཀྱི་ཐག་གཅོད་སྒྲིག་བཀོད་སྐོར་ཞིག་བསྐྲུན་ཞིང་གཉེར་སྐྱོང་བྱས་ནས། རོང་འབྲོག་ཁུལ་གྱི་གད་སྙིགས་ཐག་གཅོད་སྒྲིག་བཀོད་མི་འདང་བའི་གནས་ཚུལ་རིམ་བཞིན་ལེགས་བསྒྱུར་བྱས། གཉེར་སྐྱོང་བྱས་རྗེས་ཀྱི་འཚོ་བའི་གད་སྙིགས་ཀྱི་ཐག་གཅོད་སྒྲིག་བཀོད་ཚད་ལྡན་དང་གཉེར་སྐྱོང་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་པ་དང་། གནོད་མེད་ཅན་གྱི་ཐག་གཅོད་ཆུ་ཚད་ནུས་ལྡན་སྒོས་ཇེ་མཐོར་གཏོང་ཆེད། འདིར་ཞིང་ཆེན་ཡོངས་ཀྱི་ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་དོ་དམ་ལ་ཤུགས་བསྣན་པའི་བྱ་བར་བསམ་འཆར་བཏོན་པ་གཤམ་གསལ་ལྟར།

གཅིག ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཀྱི་ཐག་གཅོད་སྒྲིག་བཀོད་གཉེར་སྐྱོང་དོ་དམ་བྱེད་པའི་གལ་ཆེན་རང་བཞིན་གྱི་ངོས་འཛིན་ཇེ་མཐོར་གཏང་དགོས།

འཚོ་བའི་གད་སྙིགས་ཐག་གཅོད་བྱ་བ་ནི་སྲིད་གཞུང་གིས་གཙོ་ཁྲིད་དང་སྐུལ་འདེད་གཏོང་བའི་སྤྱི་ཚོགས་སྤྱི་ཕན་རང་བཞིན་གྱི་ལས་དོན་ཞིག་ཡིན་ལ། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་བའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན། ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཞིང་། ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་ནི། ས་གནས་སྲིད་གཞུང་གིས་རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་ངང་སྐུལ་འདེད་གཏོང་བའི་ལོ་གསུམ་འགུལ་སྐྱོད་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་དང་དམངས་འཚོ་ལེགས་བསྒྱུར་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན། བརྟག་དཔྱད་ཞིབ་འཇུག་བྱས་པ་ལས། མིག་སྔར་ས་གནས་སོ་སོའི་ཤང(གྲོང་རྡལ)གི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཐད་འགན་འཁྲི་མི་གསལ་ཞིང་དོ་དམ་ཚད་ལྡན་མིན་པ་དང་། གཉེར་སྐྱོང་འགྲོ་གྲོན་མི་འདང་བ། གནོད་མེད་ཅན་གྱི་ཚད་ལོན་ཚད་དམའ་བ། འབག་བཙོག་ཐེངས་གཉིས་པ་བྱུང་བའི་མངོན་མེད་རྐྱེན་ངན་སོགས་ཀྱི་གནས་ཚུལ་ཡོངས་ཁྱབ་ཏུ་གནས་པ་མཐོང་། དེར་བརྟེན། ས་ཆ་སོ་སོས་གནས་ཡོད་པའི་ཞན་ཆ་དང་མི་འདང་ས་ལ་དོ་སྣང་བྱེད་ཅིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གྲོང་གསེབ་དར་སྤེལ་གྱི་ཐབས་ཇུས་དོན་འཁྱོལ་བྱེད་པའི་ཚད་མཐོ་ས་ནས་ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་དོ་དམ་ལ་ཤུགས་བསྣན་པའི་གལ་ཆེན་རང་བཞིན་གཏིང་ཟབ་མོས་ངོས་འཛིན་བྱས་ཏེ། འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་དོ་དམ་བྱ་བ་དེ“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིསˮཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་འགུལ་སྐྱོད་དུ་བརྩི་བ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་ཁྱོན་ཡོངས་ནས་རྒྱུན་མཐུད་འཕེལ་རྒྱས་དང་སྐྱེ་ཁམས་ཞིང་ཆེན་ཆེན་མོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་འགན་འཁྲི་གལ་ཆེན་དུ་བརྩིས་ཤིང་། ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་དོ་དམ་བྱ་བ་དངོས་སུ་ལེགས་པོར་བསྒྲུབ་དགོས།

གཉིས། ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་དོ་དམ་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་ཇེ་མཐོར་གཏང་དགོས།

(གཅིག) གཉེར་སྐྱོང་ལས་ཁུངས་ཀྱི་དོ་དམ་ལ་ཤུགས་བསྣན་ནས་ཚོང་ར་ཅན་གྱི་བཅོས་སྐྱོང་རིམ་བཞིན་སྐུལ་སྤེལ་གཏང་དགོས། འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་ལས་ཁུངས་ནི་རང་ཚུགས་ཁྲིམས་མིའི་ཐོབ་ཐང་ལྡན་པའི་ཁེ་དོན་ལས་སྡེ་ཚན་ཞིག་ཡིན་དགོས། ས་གནས་སོ་སོའི་ལས་རིགས་གཙོ་གཉེར་སྡེ་ཁག་གིས་ཤང(གྲོང་རྡལ)སྲིད་གཞུང་དང་མཉམ་དུ་ཁོངས་གཏོགས་ས་ཁུལ་གྱི་ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་དོ་དམ་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་སྤེལ་བ་དང་། དེའི་ཐད་གནས་པའི་གནད་དོན་རིམ་བཞིན་དབྱེ་ཞིབ་བྱས་ནས་ཐག་གཅོད་བྱེད་ཚུལ་གྱི་འཆར་གཞིར་ཞིབ་འཇུག་བྱས་ཤིང་བཏོན་ནས་སྲིད་གཞུང་ལ་སྙན་ཞུ་ཕུལ་ཏེ་ཆོག་མཆན་ཐོབ་རྗེས་ལག་བསྟར་བྱ་དགོས། གཅིག་ནི་གཉེར་སྐྱོང་ལས་ཁུངས་ཡོད་པའི་ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཡིན། གཉེར་སྐྱོང་ཚད་ལྡན་ཡིན་ཞིང་གོ་རིམ་ལྡན་པ་དང་། གནོད་མེད་ཅན་གྱི་ཚད་ཕལ་ཆེར་ལོངས་ཚེ། ད་ཡོད་ཀྱི་གཉེར་སྐྱོང་མ་དཔེའི་རྨང་གཞིའི་སྟེང་ཕྱོགས་སོ་སོའི་འགན་འཁྲི་སྔར་བས་ངེས་གསལ་དུ་གཏོང་ཞིང་། ཤང(གྲོང་རྡལ)སྲིད་གཞུང་གི་རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་འགན་འཁྲིར་ཤུགས་བསྣན་པ་དང་། གཉེར་སྐྱོང་ལས་ཁུངས་ཀྱིས་ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་པར་སྐུལ་འདེད་བཏང་ལ། སྒྲིག་སྲོལ་ལམ་ལུགས་དང་བཀོལ་སྤྱོད་བྱེད་ལུགས་སོ་སོ་འཐུས་ཚང་དུ་བཏང་ནས་གནོད་མེད་ཅན་གྱི་ཐག་གཅོད་ཆུ་ཚད་ནུས་ལྡན་ངང་ཇེ་མཐོར་གཏང་དགོས། ནང་ཁུལ་གྱི་དོ་དམ་ཅུང་རྙོག་འཛིང་ཆེ་ཞིང་གཉེར་སྐྱོང་གནད་དོན་ཅུང་མང་བ་དང་། གནོད་མེད་ཅན་གྱི་ཚད་ལོན་ཚད་དམའ་བ་དག་ལ། ཤང(གྲོང་རྡལ)སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་དག་ཐེར་ལེགས་བཅོས་ཚོ་ཆུང་བཙུགས་ནས། བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་དོན་འཁྱོལ་ལག་ལེན་བྱེད་ཆོག་པའི་དག་ཐེར་ལེགས་བཅོས་ཇུས་གཞི་གཏན་ལ་ཕབ་ཏེ་དུས་བཀག་ནང་དུ་དེར་དག་ཐེར་ལེགས་བཅོས་བྱེད་དུ་འཇུག་དགོས། ཚོང་ར་ཅན་གྱི་བཅོས་སྐྱོང་ནང་འདྲེན་བྱེད་པའི་ཆ་རྐྱེན་འཛོམས་པར《མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་སྤྱི་སྤྱོད་ལས་དོན་ དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དོ་དམ་སྲོལ་ཡིག》གི་གཏན་འབེབས་ལ་གཞིགས་ནས། རྫོང་རིམ་པའི་གྲོང་ཁྱེར་སྤྱི་སྤྱོད་ལས་དོན་གྱི་གཙོ་གཉེར་སྡེ་ཁག་གིས་འགན་ཁུར་བ་དང་། ཤང(གྲོང་རྡལ)སྲིད་གཞུང་གིས་རམ་འདེགས་བྱས་ལ། དམིགས་བསལ་ཆོག་འཐུས་གཉེར་སྐྱོང་གི་འབྲེལ་ཡོད་གཏན་འབེབས་ལྟར་གཉེར་སྐྱོང་ལས་ཁུངས་ལེགས་བདམས་བྱས་ནས་ཚོང་ར་ཅན་དང་ཆེད་ལས་ཅན་གྱི་གཉེར་སྐྱོང་མངོན་འགྱུར་བྱ་དགོས། གཉིས་ནི་གཉེར་སྐྱོང་ལས་ཁུངས་གཏན་འབེབས་མ་བྱས་པའམ་ཤང(གྲོང་རྡལ)སྲིད་གཞུང་གིས་གནས་སྐབས་སུ་ཚབ་བྱས་ནས་དོ་དམ་གཉེར་སྐྱོང་བྱེད་པའི་ཤང(གྲོང་རྡལ)གི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཡིན། རྫོང་རིམ་པའི་སྲིད་གཞུང་གིས་དབང་ཆ་གནང་བའི་ཐབས་ལ་བརྟེན་ཞིང་། ཤང(གྲོང་རྡལ)སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སྲིད་གཞུང་གིས་ཉོ་སྒྲུབ་བྱེད་པའམ་མངོན་གསལ་དུ་སུས་འཇོན་དེ་འགུག་པའི་ཐབས་ཤེས་བརྒྱུད་ནས་གཉེར་སྐྱོང་ལས་ཁུངས་ལེགས་བདམས་བྱས་ཤིང་། ཁྲིམས་སྲོལ་ལྟར་གྲོས་ཆིངས་བཞག་ནས་ཕྱོགས་གཉིས་ཀའི་འོས་འགན་ངེས་གསལ་བྱེད་ལ། དོ་དམ་གཉེར་སྐྱོང་གི་སྲུང་སྐྱོང་འགན་འཁྲི་དོན་འཁྱོལ་བྱེད་པ་མ་ཟད། ཁྲིམས་སྲོལ་ལྟར་རྒྱུ་ནོར་རྩིས་སྤྲོད་རྩིས་ལེན་བྱས་ནས་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་གཉེར་སྐྱོང་མངོན་འགྱུར་བྱ་དགོས། གསུམ་ནི་ཕྱོགས་གསུམ་པ་མངགས་བཅོལ་བྱས་ནས་ཚོང་ར་ཅན་གྱི་མ་དཔེ་ལྟར་དོ་དམ་གཉེར་སྐྱོང་བྱེད་པའི་ཤང(གྲོང་རྡལ)གི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཡིན། 《མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་སྤྱི་སྤྱོད་ལས་དོན་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་དོ་དམ་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལྟར་དུས་ཐོག་ཏུ་འབྲེལ་ཡོད་འགྲོ་ལུགས་ཁ་གསབ་དང་འཐུས་ཚང་དུ་གཏོང་དགོས་ལ། ཚོང་ར་ཅན་གྱི་གཉེར་སྐྱོང་ཆུ་ཚད་ནུས་ལྡན་ངང་ཇེ་མཐོར་གཏང་དགོས། བཞི་ནི་གསར་དུ་བཙུགས་ནས་གཉེར་སྐྱོང་བྱས་ཀྱང་གཉེར་སྐྱོང་དོ་དམ་གྱི་ཉམས་མྱོང་དབེན་པའི་ཤང(གྲོང་རྡལ)གི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཡིན། རྫོང་རིམ་པའི་སྲིད་གཞུང་གིས་གནས་སྐབས་སུ་ཁོར་ཡུག་འཕྲོད་བསྟེན་གྱི་གཙོ་གཉེར་སྡེ་ཁག་གམ་ཤང(གྲོང་རྡལ)སྲིད་གཞུང་ལ་དམིགས་འཛུགས་བྱས་ནས་སྐབས་འཕྲལ་ལས་ཁུངས་སྒྲིག་འཛུགས་བྱས་ཏེ། དོ་དམ་གཉེར་སྐྱོང་གི་འགན་འཁུར་ལ། གཉེར་སྐྱོང་ཉམས་མྱོང་གསོག་འཇོག་བྱས་ནས་ཚད་ངེས་ཅན་ཞིག་ལ་སླེབས་ཅིང་། ཚོང་ར་ཅན་གྱི་གཉེར་སྐྱོང་ནང་འདྲེན་བྱེད་པའི་ཆ་རྐྱེན་འཛོམས་རྗེས། ཚོང་ར་ཅན་དང་ཆེད་ལས་ཅན་གྱི་གཉེར་སྐྱོང་མངོན་འགྱུར་བྱ་དགོས། ལྔ་ནི་ས་གནས་སོ་སོས་རོང་འབྲོག་ཁུལ་གྱི་གད་སྙིགས་ཕྱོགས་གསུམ་པས་བཅོས་སྐྱོང་བྱེད་རྒྱུའི་མ་དཔེ་ལ་ཧུར་ཐག་གིས་སྐུལ་སྤེལ་གཏོང་བར་སྐུལ་སློང་བྱས་ཤིང་། ལས་ཕྱོད་ལྟར་འགྲོ་སོང་སྤྲོད་པའི་ཚབ་གཉེར་རྐྱེན་སྲོལ་བཙུགས་པ་དང་སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ་བྱས་པའི་ཐབས་ལ་བརྟེན་ནས། སྡེ་ཚོགས་ཅན་དང་ཆེད་ལས་ཅན་གྱི་འཚོ་བའི་གད་སྙིགས་ཀྱི་གཉེར་སྐྱོང་ཞབས་ཕྱི་ཁེ་ལས་ནང་འདྲེན་བྱས་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྲུང་དང་གད་སྙིགས་འཚོལ་སྡུད་བརྒྱུད་འདྲེན། གནོད་མེད་ཅན་དུ་ཐག་གཅོད་པ་སོགས་གོ་རིམ་ཡོངས་ཀྱི་བྱ་བ་སྤྱི་ཡོངས་ནས་འགྲུབ་པར་བྱས་ཏེ། གཉེར་སྐྱོང་མ་གནས་ནུས་ལྡན་སྒོས་ཇེ་དམར་གཏོང་ཞིང་། འཚོ་བའི་གད་སྙིགས་བཅོས་སྐྱོང་གི་ཆེད་ལས་ཅན་དང་ཚོང་ར་ཅན། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་བཅས་ཀྱི་ཆུ་ཚད་ཇེ་མཐོར་གཏང་དགོས།

(གཉིས) འགན་འཁྲིའི་དབྱེ་བགོས་ངེས་གསལ་བྱས་ཏེ་ཕྱོགས་སོ་སོའི་འགན་འཁྲི་དོན་འཁྱོལ་བྱ་དགོས། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་གྱིས་ཤང(གྲོང་རྡལ)གི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་དང་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་གི་ལས་རིགས་ལྟ་སྐུལ་དོ་དམ་དང་ལས་སྒོའི་མཛུབ་སྟོན་ལ་འགན་འཁུར་དགོས། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལས་གཞིའི་སྐོར་དཔྱད་ཞིབ་བཤེར་ཆོག་མཆན་དང་། འབག་བཙོག་ཕྱིར་འབུད་ཀྱི་ལྟ་སྐུལ་དང་མཐའ་འཁོར་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་སྒོའི་མཛུབ་སྟོན་བྱ་བར་འགན་འཁུར་དགོས། གྲོང་ཁྱེར(ཁུལ)སོ་སོའི་ལས་རིགས་གཙོ་གཉེར་སྡེ་ཁག་གིས་དུས་བཀག་ནང་ཞིབ་བཤེར་ལྟ་སྐུལ་དང་བྱ་བར་མཛུབ་སྟོན་བྱས་ནས་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་དོན་འཁྱོལ་བྱ་དགོས། རྫོང(གྲོང་ཁྱེར། ཆུས། སྲིད་ཨུ)སོ་སོའི་སྲིད་གཞུང་ནི་ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་དོ་དམ་གྱི་འགན་འཁུར་བྱེད་པོ་ཡིན་པས། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་ཞིང་སྡེ་ཁག་གི་འགན་འཁྲི་ངེས་གསལ་བྱས་ནས། བྱ་བའི་ལས་འགན་དབྱེ་བགོས་བྱེད་པ་དང་། ནང་གནས་ཀྱི་གནད་དོན་དུས་བཀག་ལྟར་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱ་དགོས། རྫོང་རིམ་པའི་ལས་རིགས་གཙོ་གཉེར་སྡེ་ཁག་གིས་ལས་རིགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་ཏུ་བསྟར་ཞིང་། དུས་བཀག་ལྟར་དཔྱད་ཞིབ་བྱེད་པར་རྩ་འཛུགས་བྱས་ནས་ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་བརྟན་འཇགས་དང་གཉེར་སྐྱོང་ཚད་ལྡན་དུ་གཏོང་བར་ཁག་ཐེག་བྱ་དགོས། རྫོང་རིམ་པའི་ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གིས་ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་འབག་བཙོག་ཚོད་འཛིན་བྱེད་པའི་རྒྱུན་ལྡན་གྱི་ལྟ་སྐུལ་དོ་དམ་དང་མཐའ་འཁོར་གྱི་ཁོར་ཡུག་ལ་དུས་བཀག་ལྟར་ཞིབ་བཤེར་ཚད་ལེན་བྱེད་པ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ཤང(གྲོང་རྡལ)སྲིད་གཞུང་གིས་ཁོངས་གཏོགས་ས་ཆའི་དོ་དམ་བླང་བྱ་ལྟར་ཤང(གྲོང་རྡལ)གི་གད་སྙིགས་ར་བའི་རྒྱུན་ལྡན་གཉེར་སྐྱོང་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་བ་ལེགས་པོར་སྒྲུབ་དགོས་ཤིང་། གཙོ་གཉེར་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་དཔྱད་ཞིབ་གདེང་འཇོག་སྤེལ་བ་དང་། ས་ཁོངས་ནང་གི་གད་སྙིགས་སྡུད་ཉར་བརྒྱུད་སྐྱེལ་དཔུང་ཁག་གིས་རིགས་དབྱེ་ཉུང་བསྒྱུར་དང་ཤོང་ཚད་ལྟར་ལེན་པའི་བླང་བྱ་ལྟར་སྡུད་ཉར་བརྒྱུད་སྐྱེལ་གྱི་བྱ་བ་ལེགས་པར་སྒྲུབ་པར་མཛུབ་སྟོན་དང་སྐུལ་འདེད་བཏང་ནས། ཁོངས་གཏོགས་ས་ཁུལ་དུ་དུས་ཡུན་རིང་པོར་གཙང་དག་གི་ཁོར་ཡུག་རྒྱུན་འཁྱོངས་ཡོང་བར་ཁག་ཐེག་བྱ་དགོས།

(གསུམ) ནང་ཁུལ་གྱི་དོ་དམ་ལ་ཤུགས་བསྣན་ནས་གཉེར་སྐྱོང་ཆུ་ཚད་ཇེ་མཐོར་གཏང་དགོས། གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་ལས་ཁུངས་ཀྱིས་ནང་ཁུལ་གྱི་དོ་དམ་ལ་དངོས་སུ་ཤུགས་བསྣན་ཞིང་། རྒྱལ་ཁབ་དང་ལས་རིགས་ཀྱི་ལས་རྩལ་ཚད་ལྡན་དང་། ཚད་གཞི། གན་རྒྱའི་དོན་ཚན་སོ་སོ་བཅས་ཏན་ཏིག་སྒོས་ལག་བསྟར་བྱས་པ་དང་། ཁྱབ་བསྒྲགས་ལག་བསྟར་བྱས་ཟིན་པའི《འཚོ་བའི་གད་སྙིགས་གཙང་དག་སྒོས་ས་སྦས་གཏོང་བའི་ལག་རྩལ་ཚད་གཞི》དང《གྲོང་ཁྱེར་འཚོ་བའི་གད་སྙིགས་ཀྱི་གཙང་དག་ས་སྦས་ར་བའི་འཁོར་སྐྱོད་སྲུང་སྐྱོང་གི་ལག་རྩལ་སྒྲིག་སྲོལ》། 《འཚོ་བའི་གད་སྙིགས་ཀྱི་གཙང་དག་ས་སྦས་ར་བའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལག་རྩལ་གྱི་བླང་བྱ》། 《འཚོ་བའི་གད་སྙིགས་མེར་བསྲེགས་ཏེ་འབག་བཙོག་ཚོད་འཛིན་བྱེད་པའི་ཚད་གཞི》། 《འཚོ་བའི་གད་སྙིགས་སྲེག་རའི་འཁོར་སྐྱོད་སྲུང་སྐྱོང་དང་བདེ་འཇགས་ལག་རྩལ་སྒྲིག་སྲོལ》སོགས་འབྲེལ་ཡོད་གྱི་ལག་རྩལ་ཚད་གཞི་དང་སྒྲིག་སྲོལ། ཚད་ལྡན་བཅས་དཔྱད་གཞིར་བྱས་ཏེ། ཐོན་སྐྱེད་འཁོར་སྐྱོད་དང་ཁོར་ཡུག་སྲུང་སྐྱོང་། རྒྱུན་ལྡན་ལྟ་ཞིབ་ཚད་ལེན། བདེ་འཇགས་དང་འཚུབ་བསྟུན་སོགས་སྒྲིག་སྲོལ་ལམ་ལུགས་སོ་སོ་འཐུས་ཚང་དུ་འཛུགས་པ་མ་ཟད། དོན་འཁྱོལ་བྱེད་པར་རྩ་འཛུགས་བྱས་ཏེ་རིམ་པ་སོ་སོའི་གཙོ་གཉེར་སྡེ་ཁག་གི་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་པ་དང་། ཁྲིམས་སྲོལ་ལྟར་ལུགས་མཐུན་གྱི་ཡོང་འབབ་འཐོབ་པར་བྱ་དགོས། གཅིག་ནི་ར་བར(བཟོ་གྲྭ)འཁྱེར་བའི་འཚོ་བའི་གད་སྙིགས་རྒྱ་མར་ཚད་པ་མངོན་འགྱུར་བྱེད་ལ་རྩིས་ཁྲའི་ལམ་ལུགས་འཛུགས་པ་དང་། ར་བའི(བཟོ་གྲྭ)ནང་འཁྱེར་བའི་གད་སྙིགས་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་ཤིང་། གང་འདོད་དུ་སྤུངས་པ་གཏན་འགོག་དང་ར་བའི་ནང་ཛར་ཛོར་འཐུ་བ་ནན་འགོག་བྱ་དགོས། གཉིས་ནི་གད་སྙིགས་ས་སྦས་ར་བ་ནས་ནང་ཁུལ་གྱི་ཆར་བ་དང་བཙོག་ཆུའི་དབྱེ་བགོས་བྱ་བ་ལེགས་སྒྲུབ་དང་བསགས་ཁུ་ཐག་གཅོད་བྱས་ནས། བེད་མེད་བསགས་ཁུ་དང་ས་སྦས་རླངས་གཟུགས་བར་མེད་དུ་ཕྱིར་འབུད་པ་སྔོན་འགོག་བྱེད་དགོས་ཤིང་། དུས་ཐོག་ཏུ་ས་འགེབ་པ་དང་། ཡག་པོར་གནོན་པ། དུག་སེལ་སྲིན་གསོད་བཅས་བྱས་ནས་གད་སྙིགས་ས་སྦས་ར་བའི་སྤྱོད་ཡུན་ཇེ་རིང་དུ་གཏོང་བ་དང་། ཐེངས་གཉིས་པའི་འབག་བཙོག་སྔོན་འགོག་བྱ་དགོས། གསུམ་ནི་གད་སྙིགས་སྲེག་ར་ནས་དུ་སྨུག་དང་བསྲེགས་རྡུལ་ཐོན་པར་ཚོད་འཛིན་ནན་མོ་བྱེད་ཅིང་། འཚོ་བའི་གད་སྙིགས་ཀྱི་མེ་སྲེག་སྒྲིག་བཀོད་གསར་བ་ལ་ འབག་བཙོག་དངོས་པོ་ཕྱིར་འབུད་གཏོང་བའི་རང་འགུལ་ལྟ་ཞིབ་ཚད་ལེན་མ་ལག་དང་ཚད་བརྒལ་བརྡ་སྐྱེལ་སྒྲིག་ཆས་བཅས་དུས་ལྟར་དུ་སྒྲིག་སྦྱོར་བྱས་ནས། དུ་སྨུག་ཁྲོད་ལྕགས་རིགས་ལྗིད་གྲས་དང་ཨེར་ཨེ་དབྱིན་སོགས་འབག་བཙོག་དངོས་པོ་ཚད་གཞི་ལྟར་ཕྱིར་འབུད་གཏོང་བར་ཁག་ཐེག་བྱ་དགོས། བཞི་ནི་རྫོང་རིམ་པའི་ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གིས་ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱིས་ཕྱིར་འབུད་པའི་དངོས་པོ་ལ་དུས་བཀག་ལྟར་ལྟ་ཞིབ་ཚད་ལེན་བྱེད་ཅིང་། འབག་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་པའི་གནས་ཚུལ་དུས་ཚིགས་རེར་མ་མཐར་ཡང་ལྟ་ཞིབ་ཚད་ལེན་ཐེངས་གཅིག་བྱ་དགོས། ལྔ་ནི་གཉེར་སྐྱོང་ལས་ཁུངས་ཀྱིས་ཉེན་མེད་ཐོན་སྐྱེས་ཐད་ཀྱི་ལས་འཛོལ་དང་། ཐོལ་བྱུང་དོན་རྐྱེན། རང་བྱུང་གནོད་འཚེ་ཚབས་ཆེན་བཅས་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་ཐག་གཅོད་སྔོན་ཇུས་གཏན་ལ་ཕབ་ནས། བསམ་ཡུལ་ལས་འདས་པའི་ལས་འཛོལ་འབྱུང་བར་སྔོན་འགོག་དང་འཚུབ་བསྟུན་ཐག་གཅོད་ནུས་པ་ཇེ་མཐོར་གཏང་དགོས།

གསུམ་པ། ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་དོ་དམ་གྱི་ཡུན་ཕན་རྐྱེན་སྲོལ་འཛུགས་དགོས།

(གཅིག) གྲོན་དངུལ་འགན་སྲུང་རྐྱེན་སྲོལ་གཟུགས་དགོས། མིག་སྔར་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་དུ་གད་སྙིགས་ཐག་གཅོད་བྱེད་པའི་གྲོན་དངུལ་སྡེ་མིས་སྤྲོད་པའི་ལམ་ལུགས་བཙུགས་མེད་པས། ཤང(གྲོང་རྡལ)གི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་གྲོན་དངུལ་གཞི་རྩའི་སྟེང་རྫོང་རིམ་པའི་ནོར་སྲིད་གྱིས་འགན་སྲུང་བྱ་དགོས། ས་གནས་སོ་སོས་ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་གཉེར་སྐྱོང་དོ་དམ་གྲོན་དངུལ་དེ་རྫོང་རིམ་པའི་ནོར་སྲིད་སྔོན་རྩིས་སུ་བཞག་ཅིང་། ཤང(གྲོང་རྡལ)གི་གད་སྙིགས་ཐག་གཅོད་བྱེད་པའི་ཁ་གསབ་གྲོན་དངུལ་ཟླ་ལྟར་དཔྱད་སྤྲོད་བྱེད་པའི་ལམ་ལུགས་དང་ཁ་གསབ་རྐྱེན་སྲོལ་ཚད་ལྡན་དུ་བཏང་ནས། འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་རྒྱུན་ལྡན་ལྟར་གཉེར་སྐྱོང་བྱེད་པར་ཁག་ཐེག་བྱ་དགོས། དུས་མཚུངས་སུ། “སུས་ཐོན་སྐྱེད་བྱས་ན་དེས་གྲོན་དངུལ་སྤྲོད་དགོས་པའི”རྩ་དོན་ལྟར་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་། ཞིང་པའི་ཁྱིམ་ཚང་གི་ཐེག་ནུས། གད་སྙིགས་ཐག་གཅོད་མ་གནས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་རིན་བསྡུའི་ཚད་གཞི་ལུགས་མཐུན་ངང་གཏན་འཁེལ་བྱེད་ཅིང་། སྲིད་གཞུང་གིས་གྲབས་གསོག་བྱ་རྒྱུ་གཙོ་བོ་ཡིན་པ་དང་། སྡེ་དམངས་ཀྱིས་འོས་འཚམ་ངང་གྲོན་དངུལ་འཇལ་བའི་འཚོ་བའི་གད་སྙིགས་བསྡུ་རུབ་བརྒྱུད་འདྲེན་དང་ཐག་གཅོད་བྱེད་པའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་གཟུགས་དགོས།

(གཉིས) གཉེར་སྐྱོང་ལ་ལྟ་སྐུལ་དང་གདེང་འཇོག་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། གྲོང་ཁྱེར(ཁུལ)སོ་སོས་ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཀྱི་ཚད་ལྡན་ཅན་གྱི་གཉེར་སྐྱོང་དང་གནོད་མེད་ཅན་གྱི་ཚད་ལོན་ཆུ་ཚད་དེ་རྒྱུན་ལྡན་གྱི་ཞིབ་བཤེར་བྱ་བའི་ནང་དོན་དུ་བརྩི་དགོས། 《འཚོ་བའི་གད་སྙིགས་ཀྱི་ས་སྦས་ར་བའི་གནོད་མེད་ཅན་གྱི་རིམ་པའི་གདེང་འཇོག་ཚད་གཞི》གཞིར་བཟུང་ནས་གཉེར་སྐྱོང་དོ་དམ་གྱི་ཕན་འབྲས་ཞིབ་བཤེར་བྱ་བ་སྤེལ་ཞིང་། ཞིབ་བཤེར་གྱི་འབྲས་བུ་དེ་ཤང(གྲོང་རྡལ)སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་འབྲེལ་མཐུད་བྱ་དགོས། ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་བསྐྲུན་རྗེས་ཚད་ལྡན་གྱི་གཉེར་སྐྱོང་བརྟན་པོ་མིན་པ་དང་། རང་འདོད་ཀྱིས་གཉེར་སྐྱོང་མཚམས་འཇོག་པའམ་ཐག་གཅོད་ཚད་གཞི་མི་ལོན་ཚེ། འགན་འཁུར་མཁན་ལ་སྲིད་འཛིན་འགན་འཁྲི་རྩད་གཅོད་བྱ་དགོས། གཉེར་སྐྱོང་ལས་ཁུངས་ཀྱི་གྲུབ་འབྲས་དང་ལས་ཕྱོད་གདེང་འཇོག་རྐྱེན་སྲོལ་འཛུགས་ཤིང་། དཔྱད་བསྡུར་འབྲས་བུ་དེ་གཉེར་སྐྱོང་ལས་ཁུངས་ཀྱི་ཞབས་ཕྱིའི་འགྲོ་གྲོན་དང་འབྲེལ་མཐུད་ལ། ཕྱིར་འཐེན་ལམ་ལུགས་བཙུགས་ནས་དཔྱད་ཞིབ་ཀྱི་འབྲས་བུ་ཚད་གཞི་མ་ལོན་པ་དང་དག་ཐེར་ལེགས་བཅོས་གནད་ལ་མི་འཁེལ་བ། མུ་མཐུད་དུ་ཚད་ལྡན་ངང་གཉེར་སྐྱོང་བྱེད་མ་ཐུབ་པ་བཅས་ཀྱི་གཉེར་སྐྱོང་ལས་ཁུངས་ལ་དེའི་གཉེར་སྐྱོང་ཐོབ་ཐང་མེད་པར་བཟོ་བ་དང་གཉེར་སྐྱོང་གན་རྒྱ་མཚམས་གཞག་དགོས།

(གསུམ) གཉེར་སྐྱོང་དཔུང་སྡེའི་འཛུགས་སྐྱོང་ཇེ་དྲག་ཏུ་གཏང་དགོས། གཉེར་སྐྱོང་ལས་ཁུངས་སོ་སོས་ལས་བྱེད་མི་སྣའི་ལས་གནས་མ་བཟུང་གོང་དང་ལས་གནས་ཁྲོད་ཀྱི་ལས་རིགས་གསོ་སྦྱོང་ལ་ཤུགས་བསྣན་ནས་ལས་ཞུགས་མི་སྣའི་ཆེད་ལས་རྩལ་ནུས་དངོས་སུ་ཇེ་མཐོར་གཏང་དགོས། ལས་ཞུགས་མི་སྣའི་དོ་དམ་ལ་ཤུགས་བསྣན་ཞིང་། བྱ་བའི་འགན་འཁྲི་ངེས་གསལ་བྱེད་པ་དང་། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་བཀོད་ཐད་ཚད་ལྡན་ངང་ལས་ཀ་སྒྲུབ་པ་དང་། སྒྲིག་སྲོལ་ལྟར་བཀོལ་སྤྱོད་དང་ཚད་ལོན་ཐག་གཅོད་བྱེད་པར་འགན་སྲུང་བྱ་དགོས། ལས་ཀའི་ཁོར་ཡུག་ནུས་ལྡན་སྒོས་ལེགས་བསྒྱུར་བྱེད་ཅིང་། ལས་མི་བཀོལ་བའི་ལམ་ལུགས་དང་འགན་བཅོལ་རོགས་སྐྱོབ་ལམ་ལུགས་ཕྱོགས་ཡོངས་ནས་འགན་སྲུང་དང་ཁོར་ཡུག་གཙང་སྦྲ་བྱེད་མཁན་གྱི་ལས་མིའི་གླ་ཆ་དང་ཕན་བདེའི་ཐོབ་ཐང་དོན་འཁྱོལ་བྱས་ནས། ལས་མིའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་དགོས།

(བཞི) དྲིལ་སྒྲོག་དང་སྣེ་ཁྲིད་ལ་ཤུགས་བསྣན་དགོས། འཚོ་བའི་གད་སྙིགས་ཐག་གཅོད་བྱེད་པའི་དྲང་ཕྱོགས་དྲིལ་སྒྲོག་དང་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་བསྣན་ཐོག འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་ཐག་གཅོད་པའི་འབྲེལ་ཡོད་ཤེས་བྱ་ཡང་དག་པའི་སྒོ་ནས་བརྒྱུད་སྒྲོག་དང་འཚོ་བའི་གད་སྙིགས་ཐག་གཅོད་པའི་སྲིད་ཇུས་བྱ་ཐབས་དང་དེའི་ཕན་འབྲས་ཁག་ཤུགས་ཆེན་པོས་དྲིལ་སྒྲོག་བྱེད་ཅིང་། ཕྱོགས་ཡོངས་ནས་དོན་དངོས་ལྟར་འབྲེལ་ཡོད་ཆ་འཕྲིན་སྒྲོག་སྤེལ་བྱ་དགོས། རིམ་པ་སོ་སོའི་གཙོ་གཉེར་སྡེ་ཁག་དང་གསར་འགྱུར་སྨྱན་བྱེད་ཀྱིས་ཕུན་སུམ་ཚོགས་པའི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་ཧུར་ཐག་སྒོས་སྤེལ་བར་རྩ་འཛུགས་བྱས་ཤིང་། ལྗང་མདོག་བདེ་ཐང་གི་འཚོ་བ་རོལ་ཐབས་དར་སྤེལ་བཏང་ནས་གད་སྙིགས་ཀྱི་འབྱུང་རྩ་ཉུང་འཕྲི་དང་ཕྱིར་བསྡུ་བེད་སྤྱོད་ལ་སྐུལ་འདེད་གཏང་དགོས། མི་དམངས་ཡོངས་ཀྱིས“གད་སྙིགས་ཉུང་འཕྲི་དང་གད་སྙིགས་དོ་དམ་རང་ཉིད་ནས་མགོ་བརྩམས་པ་དང་། མི་ཚང་མར་འགན་འཁྲི་ཡོད་པའི”འདུ་ཤེས་བཅང་པར་སྣེ་ཁྲིད་ནས། ཤང(གྲོང་རྡལ)གི་འཚོ་བའི་གད་སྙིགས་ཐག་གཅོད་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བར་ཕན་ཐོགས་པའི་གླེང་ཕྱོགས་ཀྱི་ངང་ཚུལ་ཆགས་པར་བྱ་དགོས།

མཛུབ་སྟོན་བསམ་འཆར་འདི་དཔར་འགྲེམ་བྱས་པ་ནས་བཟུང་ལག་ཏུ་བསྟར་དགོས།