ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ།

ཨང708པ།

《ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་ཐག་གཅོད་སྲོལ་ཡིག》འདི2018ལོའི་ཟླ12པའི་ཚེས5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས33པའི་སྟེང་གྲོས་འཆམ་བྱུང་ཞིང་། ད་ལྟ་ཁྱབ་བསྒྲགས་བྱས་ནས2019ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་དགོས།

ཙུང་ལི། ལི་ཁེ་ཆང་ནས།

2019ལོའི་ཟླ2པའི་ཚེས17ཉིན།ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་ཐག་གཅོད་སྲོལ་ཡིག

ལེའུ་དང་པོ། སྤྱིའི་རྩ་དོན།

དོན་ཚན་དང་པོ། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་ཐག་གཅོད་བྱ་བ་ཚད་ལྡན་དུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེན་མེད་ཐོན་སྐྱེད་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་བཅའ་ཁྲིམས》གཞིར་བཟུང་ནས་སྲོལ་ཡིག་འདི་གཏན་འབེབས་བྱས།

དོན་ཚན་གཉིས་པ། སྲོལ་ཡིག་འདི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་ཐག་གཅོད་བྱ་བའི་ཐད་དུ་སྤྱོད་ཆོག་ལ། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་ལོགས་སུ་གཏན་འབེབས་བྱས་ན་དེའི་གཏན་འབེབས་སྤྱོད་ཆོག

དོན་ཚན་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་ཐག་གཅོད་བྱ་བར་གཅིག་གྱུར་གྱིས་སྣེ་ཁྲིད་བྱེད་པ་དང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ནང་གི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་ཐག་གཅོད་བྱ་བར་གཅིག་གྱུར་གྱིས་སྣེ་ཁྲིད་བྱེད་དགོས། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་ཐག་གཅོད་བྱ་བ་འདི་སྲིད་འཛིན་ས་ཁོངས་གཉིས་ཡན་དང་འབྲེལ་བ་ཡོད་ན། འབྲེལ་ཡོད་སྲིད་འཛིན་ས་ཁོངས་ཀྱི་ཐུན་མོང་དུ་ཡོད་པའི་གོང་རིམ་མི་དམངས་སྲིད་གཞུང་གིས་འགན་འཁུར་བའམ་ཡང་ན་འབྲེལ་ཡོད་སྲིད་འཛིན་ས་ཁོངས་ཀྱི་གོང་རིམ་མི་དམངས་སྲིད་གཞུང་གིས་ཐུན་མོང་དུ་འགན་འཁུར་དགོས།

རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཚུབ་བསྟུན་དོ་དམ་སྡེ་ཁག་དང་འབྲེལ་ཡོད་ལས་རིགས་དང་ཁྱབ་ཁོངས་ནང་གི་ཉེན་མེད་ཐོན་སྐྱེད་བྱ་བར་ལྟ་སྐུལ་དོ་དམ་བྱེད་བའི་སྡེ་ཁག(གཤམ་དུ་སྤྱི་མིང་ལ་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག་ཟེར)གཞན་དག་གིས་རང་སོ་སོའི་ལས་འགན་ཁྱབ་ཡུལ་ནང་དུ་འབྲེལ་ཡོད་ལས་རིགས་དང་ཁྱབ་ཁོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚོབ་བསྟུན་ཐག་གཅོད་བྱ་བ་ལེགས་པོར་སྒྲུབ་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འཚུབ་བསྟུན་དོ་དམ་སྡེ་ཁག་གིས་རང་རིམ་པའི་མི་དམངས་སྲིད་གཞུང་གི་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག་གཞན་དག་དང་འོག་རིམ་མི་དམངས་སྲིད་གཞུང་གི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་ཐག་གཅོད་བྱ་བར་མཛུབ་སྟོན་དང་མཐུན་སྦྱོར་བྱེད་དགོས།

ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་སོགས་ས་གནས་མི་དམངས་སྲིད་གཞུང་གི་མངག་གཏོང་ལས་ཁུངས་གིས་གོང་རིམ་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་ལ་རོགས་རམ་བྱས་ནས་ཁྲིམས་ལྟར་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་ཐག་གཅོད་བྱ་བའི་འགན་འཁྲི་འཁུར་དགོས།

དོན་ཚན་བཞི་པ། ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱིས་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚོབ་བསྟུན་ཐག་གཅོད་བྱ་བར་ཤུགས་སྣོན་དགོས་ཤིང་། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་ཐག་གཅོད་བྱ་བའི་འགན་འཁུར་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ལ་འགན་འཁུར་མི་སྣ་གཙོ་བོ་དེས་རང་ལས་ཁུངས་ཀྱི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་ཐག་གཅོད་བྱ་བར་ཕྱོགས་ཡོངས་ནས་འགན་འཁུར་དགོས།

ལེའུ་གཉིས་པ། འཚུབ་བསྟུན་གྲ་སྒྲིག

དོན་ཚན་ལྔ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་ཉེན་མེད་ཐོན་སྐྱེད་ ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག་དང་། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་སོགས་ས་གནས་མི་དམངས་སྲིད་གཞུང་གི་མངག་གཏོང་ལས་ཁུངས་བཅས་ཀྱིས་འབྱུང་སྲིད་པའི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་གྱི་ཁྱད་ཆོས་དང་གནོད་སྐྱོན་ལ་དམིགས་ནས། ཉེན་ཁར་ངོས་འཛིན་དབྱེ་འབྱེད་དང་དཔྱད་དཔོག་བྱས་ནས་དེ་དང་མཐུན་པའི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་གཏན་འབེབས་བྱེད་པ་མ་ཟད། ཁྲིམས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱིས་རང་ལས་ཁུངས་ནང་འབྱུང་སྲིད་པའི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་གྱི་ཁྱད་ཆོས་དང་གནོད་སྐྱོན་ལ་དམིགས་ནས། ཉེན་ཁར་ངོས་འཛིན་དབྱེ་བྱེད་དང་དཔྱད་དཔོག་བྱས་ནས་དེ་དང་མཐུན་པའི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་གཏན་འབེབས་བྱེད་པ་མ་ཟད། རང་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣ་ལ་ཡོངས་བསྒྲགས་བྱེད་དགོས།

དོན་ཚན་དྲུག་པ། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་འདི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ། ཚད་གཞི་བཅས་ཀྱི་གཏན་འབེབས་དང་མཐུན་དགོས་ཤིང་། ཚན་རིག་རང་བཞིན་དང་དམིགས་སའི་རང་བཞིན། བཀོལ་སྤྱོད་ཐུབ་པའི་རང་བཞིན་བཅས་ལྡན་པ། འཚུབ་བསྟུན་རྩ་འཛུགས་མ་ལག་ དང་འགན་འཁྲི་ལས་བགོས་དང་དེ་བཞིན་འཚུབ་བསྟུན་རོགས་སྐྱོབ་ལས་རིམ་དང་བྱེད་ཐབས་བཅས་གཏན་འཁེལ་ཁ་གསལ་བྱེད་དགོས།

གཤམ་གྱི་གནས་ཚུལ་ནང་ནས་རིགས་གཅིག་ཡོད་ཚེ། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་གཏན་འབེབས་བྱེད་མཁན་ལས་ཁུངས་ཀྱིས་མྱུར་དུ་འབྲེལ་ཡོད་སྔོན་ཇུས་བཟོ་བཅོས་བྱེད་དགོས།

(གཅིག)སྔོན་ཇུས་གཏན་འབེབས་བྱེད་སྐབས་གཞིར་འཛིན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྒྲིག་སྲོལ། ཚད་གཞི་བཅས་ལ་འགྱུར་བ་ཆེན་པོ་བྱུང་བ།

(གཉིས།)འཚུབ་བསྟུན་བཀོད་འདོམས་ལས་ཁུངས་དང་དེའི་འགན་འཁྲི་སྙོམ་སྒྲིག་བྱས་ཡོད་པ།

(གསུམ།)ཉེན་མེད་ཐོན་སྐྱེད་ལ་འཕྲད་པའི་ཉེན་ཁ་དེར་འགྱུར་བ་ཆེན་པོ་བྱུང་བ།

(བཞི།)འཚུབ་བསྟུན་ཐོན་ཁུངས་གལ་ཆེན་ལ་འགྱུར་བ་ཆེན་པོ་བྱུང་བ།

(ལྔ།)སྔོན་ཇུས་ནང་སྦྱོང་བྱེད་པའམ་འཚུབ་བསྟུན་རོགས་སྐྱོབ་བྱེད་པའི་ཁྲོད་དུ་སྔོན་ཇུས་བཟོ་བཅོས་བྱེད་དགོས་པའི་གནད་དོན་ཆེན་པོ་ཤེས་པ།

(དྲུག)བཟོ་བཅོས་བྱེད་དགོས་པའི་གནས་ཚུལ་གཞན་དག

དོན་ཚན་བདུན་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག་གིས་གཏན་འབེབས་བྱས་པའི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་དེ་རང་རིམ་པའི་མི་དམངས་སྲིད་གཞུང་ལ་ཞུ་འབུལ་བྱས་ནས་ཐེབས་འགོད་བྱེད་དགོས། འབར་སླ་ཞིང་འགད་སླ་བའི་དངོས་རྫས་དང་ཉེན་ཆེའི་རྫས་འགྱུར་དངོས་རྫས་སོགས་ཉེན་ཁ་ཆེ་བའི་དངོས་པོའི་ཐོན་སྐྱེད་དང་ཚོང་གཉེར། གསོག་ཉར། སྐྱེལ་འདྲེན་ལས་ཁུངས་དང་། གཏེར་རི་དང་ལྕགས་རིགས་བཙོ་སྦྱང་། གྲོང་ཁྱེར་གྱི་བགྲོད་ལམ་འགྲིམ་འགྲུལ་འཁོར་སྐྱོད་ཚོང་གཉེར། བཟོ་སྐྲུན་ཨར་ལས་ལས་ཁུངས་དང་དེ་བཞིན་མགྲོན་ཁང་དང་ཁྲོམ་ར། རོལ་གནས། ཡུལ་སྐོར་ལྗོངས་ཁུལ་སོགས་མི་མང་བའི་གནས་ཀྱི་ཚོང་གཉེར་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག་ལ་ཞུ་འབུལ་བྱས་ནས་ཐེབས་འགོད་བྱེད་པ་མ་ཟད། ཁྲིམས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

དོན་ཚན་བརྒྱད་པ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག་དང་། ཤང་དང་གྲོང་རྡལ་མི་དམངས་སྲིད་གཞུང་དང་དེ་བཞིན་སྲང་ལམ་དོན་གཅོད་ཁང་སོགས་ས་གནས་མི་དམངས་སྲིད་གཞུང་གི་མངག་གཏོང་ལས་ཁུངས་ཀྱིས་མ་མཐར་ཡང་ལོ2རེའི་ནང་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་ནང་སྦྱོང་ཐེངས་གཅིག་བྱེད་པར་སྒྲིག་འཛུགས་བྱེད་དགོས།

འབར་སླ་ཞིང་འགད་སླ་བའི་དངོས་རྫས་དང་ཉེན་ཁའི་རྫས་འགྱུར་དངོས་རྫས་སོགས་ཉེན་ཁ་ཆེ་བའི་དངོས་པོའི་ཐོན་སྐྱེད་དང་ཚོང་གཉེར། གསོག་ཉར། སྐྱེལ་འདྲེན་ལས་ཁུངས་དང་། གཏེར་རི་དང་ལྕགས་རིགས་བཙོ་སྦྱང་། གྲོང་ཁྱེར་གྱི་བགྲོད་ལམ་འགྲིམ་འགྲུལ་འཁོར་སྐྱོད་ཚོང་གཉེར། བཟོ་སྐྲུན་ཨར་ལས་ལས་ཁུངས། དེ་བཞིན་མགྲོན་ཁང་དང་ཁྲོམ་ར། རོལ་གནས། ཡུལ་སྐོར་ལྗོངས་ཁུལ་སོགས་མི་མང་བའི་གནས་ཀྱི་ཚོང་གཉེར་ལས་ཁུངས་ཀྱིས་མ་མཐར་ཡང་ལོ་ཕྱེད་ནང་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་ནང་སྦྱོང་ཐེངས་གཅིག་བྱེད་པར་སྒྲིག་འཛུགས་བྱེད་དགོས་པ་མ་ཟད། ནང་སྦྱོང་གནས་ཚུལ་དེ་ས་གནས་དེ་གའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག་ལ་ཞུ་འབུལ་བྱེད་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག་གིས་གོང་གསལ་གྱི་དོན་ཚན་ནང་གཏན་འབེབས་བྱས་པའི་རང་སྲིད་འཛིན་ས་ཁོངས་ནང་གི་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་གཙོ་བོའི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་ནང་སྦྱོང་བྱེད་པར་ཟུར་བཤེར་བྱེད་དགོས་ཤིང་། ནང་སྦྱོང་བླང་བྱ་དང་མི་མཐུན་པ་ཤེས་ཚེ་དུས་བཅད་ནང་ཡོ་བསྲང་བྱེད་དགོས་པའི་བཀའ་འབེབ་དགོས།

དོན་ཚན་དགུ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཐོན་སྐྱེད་བདེ་ འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་འཛུགས་སྐྱོང་ལ་གཅིག་གྱུར་གྱིས་འཆར་འགོད་དང་སྒྲིག་འཛུགས། སྣ་འདྲེན་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག་གིས་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་ཐག་གཅོད་བྱ་བའི་དགོས་མཁོ་དངོས་ལ་བསྟུན་ནས། གཙོ་གནད་ལས་རིགས་དང་ཁྱབ་ཁོངས་སུ་འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་ཁེར་རྐྱང་དུ་འཛུགས་པའམ་ཡང་ན་ཆ་རྐྱེན་ཡོད་པའི་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་དང་སྤྱི་ཚོགས་རྩ་འཛུགས་ལ་བརྟེན་ནས་མཉམ་དུ་འཛུགས་དགོས།

རྒྱལ་ཁབ་ཀྱིས་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ གཞན་དག་ལ་སྐུལ་བསྟོད་དང་རྒྱབ་སྐྱོར་བྱས་ནས་སྤྱི་ཚོགས་ཅན་གྱི་འཚུབ་བསྟུན་རོགས་སྐྱོབ་ཞབས་ཕྱི་འདོན་སྤྲོད་བྱེད་པའི་འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་འཛུགས་དགོས།

དོན་ཚན་བཅུ་པ། འབར་སླ་ཞིང་འགད་སླ་བའི་དངོས་རྫས་དང་ཉེན་ཆེའི་རྫས་འགྱུར་དངོས་རྫས་སོགས་ཉེན་ཁ་ཆེ་བའི་དངོས་པོའི་ཐོན་སྐྱེད་དང་ཚོང་གཉེར། གསོག་ཉར། སྐྱེལ་འདྲེན་ལས་ཁུངས་དང་། གཏེར་རི་དང་ལྕགས་རིགས་བཙོ་སྦྱང་། གྲོང་ཁྱེར་བགྲོད་ལམ་འགྲིམ་འགྲུལ་འཁོར་སྐྱོད་ཚོང་གཉེར། བཟོ་སྐྲུན་ཨར་ལས་ལས་ཁུངས། དེ་བཞིན་མགྲོན་ཁང་དང་ཁྲོམ་ར། རོལ་གནས། ཡུལ་སྐོར་ལྗོངས་ཁུལ་སོགས་མི་མང་བའི་གནས་ཀྱི་ཚོང་གཉེར་ལས་ཁུངས་ཀྱིས་འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་འཛུགས་དགོས་ཤིང་། དེའི་ནང་ནས་ཁེ་ལས་ཆུང་གྲས་སམ་ཁེ་ལས་ཕྲན་ཆུང་སོགས་གཞི་རྒྱ་ཅུང་ཆུང་བའི་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱིས་འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་མ་བཙུགས་ན་ཆོག་མོད། འོན་ཀྱང་འཚུབ་བསྟུན་རོགས་སྐྱོབ་མི་སྣ་གཅིག་ལྕོགས་དམིགས་འཛུགས་བྱེད་དགོས་པ་མ་ཟད། ཉེ་འཁོར་གྱི་འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་དང་འཚུབ་བསྟུན་རོགས་སྐྱོབ་གྲོས་མཐུན་ འཇོག་ཆོག

བཟོ་ལས་གླིང་ཁུལ་དང་གསར་སྤེལ་ཁུལ་སོགས་ཐོན་ལས་གཅིག་འདུའི་ས་ཁོངས་ནང་གི་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱིས་འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་མཉམ་འབྲེལ་གྱིས་འཛུགས་ཆོག

དོན་ཚན་བཅུ་གཅིག་པ། འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེའི་འཚུབ་བསྟུན་རོགས་སྐྱོབ་མི་སྣར་དགོས་ངེས་ཀྱི་ཆེད་ལས་ཤེས་བྱ་དང་རྩལ་ནུས། གཟུགས་གཞིའི་ཐང་ཚད། སེམས་རྒྱུད་བྱང་ཚད་བཅས་འཛོམ་དགོས།

འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་འཛུགས་མཁན་ལས་ཁུངས་སམ་འཚུབ་བསྟུན་རོགས་སྐྱོབ་མི་སྣ་གཅིག་ལྕོགས་ཡོད་སའི་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་འཚུབ་བསྟུན་རོགས་སྐྱོབ་མི་སྣ་གསོ་སྦྱོང་བྱེད་དགོས་ཤིང་། འཚུབ་བསྟུན་རོགས་སྐྱོབ་མི་སྣ་གསོ་སྦྱོང་བྱས་ཏེ་ཚད་གཞིར་ལོངས་རྗེས་ད་གཟོད་འཚུབ་བསྟུན་རོགས་སྐྱོབ་བྱ་བའི་ནང་ཞུགས་ཆོག

འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་ལ་དགོས་ངེས་ཀྱི་འཚུབ་བསྟུན་རོགས་སྐྱོབ་སྒྲིག་ཆས་དང་དངོས་རྫས་རྣམས་སྒྲིག་སྦྱོར་བྱེད་པ་མ་ཟད། དུས་བཅད་ལྟར་སྦྱོང་བརྡར་བྱེད་པར་སྒྲིག་འཛུགས་བྱེད་དགོས།

དོན་ཚན་བཅུ་གཉིས་པ། ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དུས་ཐོག་ཏུ་རང་ལས་ཁུངས་ཀྱི་འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེའི་འཛུགས་སྐྱོང་གནས་ཚུལ་དེ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག་ལ་ཞུ་འབུལ་བྱེད་པ་མ་ཟད། ཁྲིམས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག་གིས་དུས་ཚོད་ངེས་ཅན་ནང་རང་ལས་རིགས་དང་རང་ཁྱབ་ཁོངས་ནང་གི་འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་འཛུགས་པའི་སྐོར་གྱི་གནས་ཚུལ་དེ་ རང་རིམ་པའི་མི་དམངས་སྲིད་གཞུང་ལ་ཞུ་འབུལ་བྱེད་པ་མ་ཟད། ཁྲིམས་ལྟར་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས།

དོན་ཚན་བཅུ་གསུམ་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རང་སྲིད་འཛིན་ས་ཁོངས་ནང་འབྱུང་སྲིད་པའི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་གྱི་ཁྱད་ཆོས་དང་ཉེན་ཁ་དག་ལ་གཞིགས་ནས། དགོས་ངེས་ཀྱི་འཚུབ་བསྟུན་རོགས་སྐྱོབ་སྒྲིག་ཆས་དང་དངོས་རྫས་གསོག་འཇོག་བྱེད་པ་མ་ཟད་དུས་ཐོག་ཏུ་གསར་སྒྱུར་དང་ཁ་གསབ་བྱེད་དགོས།

འབར་སླ་ཞིང་འགད་སླ་བའི་དངོས་རྫས་དང་ཉེན་ཆེའི་རྫས་འགྱུར་དངོས་རྫས་སོགས་ཉེན་ཁ་ཆེ་བའི་དངོས་པོའི་ཐོན་སྐྱེད་དང་ཚོང་གཉེར། གསོག་ཉར། སྐྱེལ་འདྲེན་ལས་ཁུངས་དང་། གཏེར་རི་དང་ལྕགས་རིགས་བཙོ་སྦྱང་། གྲོང་ཁྱེར་བགྲོད་ལམ་འགྲིམ་འགྲུལ་འཁོར་སྐྱོད་ཚོང་གཉེར། བཟོ་སྐྲུན་ཨར་ལས་ལས་ཁུངས། དེ་བཞིན་མགྲོན་ཁང་དང་ཁྲོམ་ར། རོལ་གནས། ཡུལ་སྐོར་ལྗོངས་ཁུལ་སོགས་མི་མང་བའི་གནས་ཀྱི་ཚོང་གཉེར་ལས་ཁུངས་ཀྱིས་རང་ལས་ཁུངས་ལ་འབྱུང་སྲིད་པའི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་གྱི་ཁྱད་ཆོས་དང་ཉེན་ཁ་དག་ལ་གཞིར་བཟུང་ནས། དགོས་ངེས་ཀྱི་མེ་གསོད་པ་དང་ཆུ་འབུད་པ། རླུང་འགྲོ་བ། དེ་བཞིན་ཉེན་ཁ་ཆེ་བའི་དངོས་རྫས་ཞུ་ཁ་སླ་རུ་གཏོང་བ་དང་ས་སྦས་གཏོང་བ། འཚོལ་སྡུད་བྱེད་པ་སོགས་འཚུབ་བསྟུན་རོགས་སྐྱོབ་ཡོ་ཆས་དང་སྒྲིག་ཆས། དངོས་པོ་བཅས་སྒྲིག་སྦྱོར་བྱེད་དགོས་པ་མ་ཟད། རྒྱུན་ལྡན་རང་བཞིན་གྱི་སྲུང་སྐྱོང་དང་བདག་གཅེས་བྱས་ནས་རྒྱུན་སྲོལ་ལྟར་འཁོར་སྐྱོད་ཡོང་བར་ཁག་ཐེག་བྱེད་དགོས།

དོན་ཚན་བཅུ་བཞི་བ། གཤམ་གྱི་ལས་ཁུངས་དག་གིས་འཚུབ་བསྟུན་ལས་རེས་ལམ་ལུགས་འཛུགས་པ་དང་འཚུབ་བསྟུན་ལས་རེས་མི་སྣ་བསྐོ་གཞག་བྱེད་དགོས་ཏེ།

(གཅིག)རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག

(གཉིས།)ཉེན་ཁ་ཆེ་བའི་དངོས་པོའི་ཐོན་སྐྱེད་དང་ཚོང་གཉེར། གསོག་ཉར། སྐྱེལ་འདྲེན་ལས་ཁུངས་དང་། གཏེར་རི་དང་ལྕགས་རིགས་བཙོ་སྦྱང་། གྲོང་ཁྱེར་བགྲོད་ལམ་འགྲིམ་འགྲུལ་འཁོར་སྐྱོད་ཚོང་གཉེར། བཟོ་སྐྲུན་ཨར་ལས་ལས་ཁུངས།

(གསུམ།)འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ།

གཞི་རྒྱ་ཆེ་ལ་ཉེན་ཁ་ཅུང་ཆེ་བའི་འབར་སླ་ཞིང་འགད་སླ་བའི་དངོས་རྫས་དང་ཉེན་ ཆེའི་རྫས་འགྱུར་དངོས་རྫས་སོགས་ཉེན་ཁ་ཆེ་བའི་དངོས་པོའི་ཐོན་སྐྱེད་དང་ཚོང་གཉེར། གསོག་ཉར། སྐྱེལ་འདྲེན་ལས་ཁུངས་བཅས་ཀྱིས་འཚུབ་བསྟུན་ཐག་གཅོད་ལག་རྩལ་ཛན་ཆུང་བཙུགས་ནས། ཆུ་ཚོད24རིང་འཚུབ་བསྟུན་ལས་རེས་བྱེད་དགོས།

དོན་ཚན་བཅོ་ལྔ་པ། ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱིས་ལས་སྒྲུབ་མི་སྣར་འཚུབ་བསྟུན་སློབ་གསོ་དང་སྦྱོང་བརྡར་བྱས་ནས། ལས་སྒྲུབ་མི་སྣར་དགོས་ངེས་ཀྱི་འཚུབ་བསྟུན་ཤེས་བྱ་ལྡན་པ་དང་། ཉེན་ཁ་འགོག་ཟོན་གྱི་ནུས་རྩལ་དང་ལས་འཛོལ་འཚུབ་བསྟུན་ཐག་གཅོད་བྱེད་ཐབས་ཁོང་དུ་ཆུད་པར་ཁག་ཐེག་བྱེད་དགོས།

དོན་ཚན་བཅུ་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་ལ་ཆ་འཕྲིན་མ་ལག་སྐྲུན་དགོས་པ་མ་ཟད། ནུས་ལྡན་བྱ་ཐབས་སྤྱད་ནས་གཞི་གྲངས་མཉམ་སྦྲེལ་མཉམ་མཐུད་དང་ཆ་འཕྲིན་མཉམ་སྤྱོད་བྱེད་པར་མངོན་འགྱུར་བྱེད་དགོས།

ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱིས་ཐོན་སྐྱེད་བདེ་འཇགས་ཐད་ཀྱིས་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་ཆ་འཕྲིན་མ་ལག་ལ་བརྟེན་ནས་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་ཀྱི་ཐོ་འགོད་འགྲོ་ལུགས་སྒྲུབ་པ་དང་། འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་ནང་སྦྱོང་ཐད་ཀྱི་གནས་ཚུལ་དང་འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེའི་འཛུགས་སྐྱོང་གནས་ཚུལ་སྙན་ཞུ་འབུལ་བྱེད་ཆོག་མོད། འོན་ཀྱང་ཁྲིམས་ལྟར་གསང་བ་བྱེད་དགོས་པ་དག་དེ་ལས་འབུད་དགོས།

ལེའུ་གསུམ་པ། འཚུབ་བསྟུན་རོགས་སྐྱོབ།

དོན་ཚན་བཅུ་བདུན་པ། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་བྱུང་རྗེས། ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱིས་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་དེ་མྱུར་དུ་ལག་བསྟར་བྱེད་མགོ་བརྩམས་ཏེ་གཤམ་གྱི་འཚུབ་བསྟུན་རོགས་སྐྱོབ་བྱེད་ཐབས་གཅིག་གམ་དུ་མ་ལག་བསྟར་བྱེད་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལས་འཛོལ་བྱུང་ཚུལ་སྙན་ཞུ་འབུལ་དགོས་ཏེ།

(གཅིག)ཉེན་ཁའི་འབྱུང་ཁུངས་དེ་མགྱོགས་མྱུར་གྱིས་ཚོད་འཛིན་བྱས་ནས་ཉེན་ཁ་འཕྲད་པའི་མི་སྣ་འཕྲལ་སྐྱོབ་བྱེད་པར་སྒྲིག་འཛུགས་བྱེད་དགོས།

(གཉིས)ལས་འཛོལ་བྱུང་བའི་གནོད་ཚད་གཞིར་བཟུང་ནས་ལས་འཛོལ་བྱུང་ཡུལ་དངོས་སུ་ཡོད་པའི་མི་ཕྱིར་འཐེན་པའམ་ཡང་ན་སྤྱོད་ཐུབ་པའི་འཚུབ་བསྟུན་བྱེད་ཐབས་ལག་བསྟར་བྱས་རྗེས་ཕྱིར་འཐེན་དགོས།

(གསུམ)ལས་འཛོལ་གྱི་ཤུགས་རྐྱེན་ཐེབས་སྲིད་པའི་ལས་ཁུངས་སམ་མི་སྣ་ལ་དུས་ཐོག་ཏུ་བརྡ་སྦྱོར་བྱེད་དགོས།

(བཞི)དགོས་ངེས་ཀྱིས་བྱེད་ཐབས་ལག་བསྟར་བྱས་ནས་ལས་འཛོལ་བྱུང་བའི་གནོད་ཚད་རྒྱ་བསྐྱེད་པ་དང་སླར་སྐྱེས་དང་འགྱུར་སྐྱེས་གནོད་སྐྱོན་འབྱུང་བར་སྔོན་འགོག་བྱེད་དགོས།

(ལྔ)དགོས་པ་བཞིན་ཉེ་འཁོར་གྱི་འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་རོགས་སྐྱོབ་ནང་ལ་ཞུགས་པའི་རེ་འདུན་ཞུ་བ་མ་ཟད། རོགས་སྐྱོབ་ནང་ལ་ཞུགས་པའི་འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་ལ་འབྲེལ་ཡོད་ལག་རྩལ་དཔྱད་གཞི་དང་ཆ་འཕྲིན། ཐག་གཅོད་བྱེད་ཐབས་བཅས་མཁོ་སྤྲོད་བྱེད་དགོས།

(དྲུག)ལས་འཛོལ་བྱུང་ཡུལ་དངོས་ཀྱི་སྒྲིལ་ལམ་སྲུང་སྐྱོང་དང་། ལས་འཛོལ་བྱུང་ཡུལ་དངོས་དང་འབྲེལ་ཡོད་དཔང་རྟགས་སྲུང་སྐྱོང་བྱེད་དགོས།

(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འཚུབ་བསྟུན་རོགས་སྐྱོབ་བྱེད་ཐབས་གཞན་དག

དོན་ཚན་བཅོ་བརྒྱད་པ། འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་དང་དེའི་སྡེ་ཁག་ལ་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་སྙན་ཞུ་འབྱོར་རྗེས། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ལས་འཛོལ་བྱུང་ཚུལ་གོང་ཞུ་དང་བབ་མཐུན་གྱི་ཐོན་སྐྱེད་བདེ་འཇགས་ཐད་ཀྱིས་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་ལག་བསྟར་བྱེད་དགོས་པ་མ་ཟད། འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་ཀྱི་གཏན་འབེབས་ལྟར་གཤམ་གྱི་འཚུབ་བསྟུན་རོགས་སྐྱོབ་བྱེད་ཐབས་གཅིག་གམ་དུ་མ་ལག་བསྟར་བྱེད་དགོས་ཏེ།

(གཅིག)ཉེན་ཁ་འཕྲད་པའི་མི་སྣ་འཕྲལ་སྐྱོབ་བྱེད་པར་སྒྲིག་འཛུགས་བྱས་ནས་རྨས་སྐྱོན་ཕོག་མཁན་ལ་གསོ་སྐྱོབ་བྱེད་པ་མ་ཟད་ལས་འཛོལ་འཕེལ་ཕྱོགས་དང་དེས་བཟོ་སྲིད་པའི་གནོད་པ་ཞིབ་འཇུག་བརྡར་གཅོད་བྱེད་དགོས།

(གཉིས)ལས་འཛོལ་གྱི་ཤུགས་རྐྱེན་ཐེབས་སྲིད་པའི་ལས་ཁུངས་སམ་མི་སྣ་ལ་བརྡ་སྦྱོར་གཏོང་ཞིང་། ལས་འཛོལ་བྱུང་ཡུལ་དངོས་དགར་གཅོད་དང་ཉེན་ཟོན་ས་ཁོངས་ལ་དབྱེ་མཚམས་གཅོད་པ་དང་འཇིགས་སྣང་ཐེབས་པའི་མི་སྣ་ཁ་འགྲེམ་པ་བཅས་བྱས་ནས་འགྲིམ་འགྲུལ་རྩིས་སྤྲོད་དོ་དམ་ལག་བསྟར་བྱེད་དགོས།

(གསུམ)དགོས་ངེས་ཀྱི་བྱ་ཐབས་ལག་བསྟར་བྱས་ནས་ལས་འཛོལ་བྱུང་བའི་གནོད་ཚད་རྒྱ་བསྐྱེད་པ་དང་སླར་སྐྱེས་དང་འགྱུར་སྐྱེས་གནོད་སྐྱོན་འབྱུང་བར་སྔོན་འགོག་བྱེད་པ་དང་། ལས་འཛོལ་གྱིས་ཁོར་ཡུག་ལ་བཟོས་པའི་གནོད་སྐྱོན་དག་མ་བྱུང་སྔོན་འགོག་བྱེད་པའམ་ཉུང་དུ་གཏོང་དགོས།

(བཞི)འཚུབ་བསྟུན་ཐོན་ཁུངས་འཐེན་སྤྱོད་དང་བསྡུས་སྤྱོད་བྱེད་པའི་ཐད་ཀྱི་ཆོད་དོན་ཁྲིམས་ལྟར་ཁྱབ་བསྒྲགས་བྱེད་དགོས།

(ལྔ)ཁྲིམས་ལྟར་འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་ལ་རོགས་སྐྱོབ་ཀྱི་བཀའ་འབེབས་དགོས།

(དྲུག)ལས་འཛོལ་བྱུང་ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་སྐྱོང་བྱེད་ཅིང་། ཉེན་ཁ་འཕྲད་པའི་མི་སྣ་དང་དེ་དག་གི་གཉེན་ཉེ་རྣམས་ལ་སེམས་གསོ་བྱེད་པར་སྒྲིག་འཛུགས་བྱེད་དགོས།

(བདུན)འབྲེལ་ཡོད་ལས་འཛོལ་བྱུང་ཚུལ་དང་འཚུབ་བསྟུན་རོགས་སྐྱོབ་བྱ་བའི་ཆ་འཕྲིན་ཁྲིམས་ལྟར་ཁྱབ་བསྒྲགས་བྱེད་དགོས།

(བརྒྱད)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འཚུབ་བསྟུན་རོགས་སྐྱོབ་བྱེད་ཐབས་གཞན་དག

འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འབྱུང་བར་ནུས་ལྡན་ངང་ཚོད་འཛིན་བྱེད་མི་ཐུབ་ན་དུས་ཐོག་ཏུ་གོང་རིམ་མི་དམངས་སྲིད་གཞུང་ལ་སྙན་ཞུ་འབུལ་དགོས། གོང་རིམ་མི་དམངས་སྲིད་གཞུང་གིས་དུས་ཐོག་ཏུ་བྱ་ཐབས་ལག་བསྟར་བྱས་ནས་འཚུབ་བསྟུན་རོགས་སྐྱོབ་བྱ་བར་གཅིག་གྱུར་གྱིས་བཀོད་འདོམས་བྱེད་དགོས།

དོན་ཚན་བཅུ་དགུ་པ། འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་ལ་འབྲེལ་ཡོད་མི་དམངས་སྲིད་གཞུང་གི་རོགས་སྐྱོབ་བཀའ་ཁྱབ་དང་ཡང་ན་འཚུབ་བསྟུན་རོགས་སྐྱོབ་གན་རྒྱ་བཞག་པའི་ཐོན་སྐྱེད་ཚོང་གཉེར་ལས་ཁུངས་གི་རོགས་སྐྱོབ་རེ་ཞུ་འབྱོར་རྗེས། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་ལ་མྱུར་དུ་ཞུགས་དགོས།

འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེ་ཡིས་རོགས་སྐྱོབ་བཀའ་ཁྱབ་གཞིར་བཟུང་ནས་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་བྱ་བར་ཞུགས་ནས་ཟད་པའི་གྲོན་དངུལ་དེ་ལས་འཛོལ་འགན་འཁྲི་འཁུར་མཁན་ལས་ཁུངས་ཀྱིས་འགན་འཁུར་དགོས། ལས་འཛོལ་འགན་འཁྲི་འཁུར་མཁན་ལས་ཁུངས་ལ་འགན་འཁུར་བའི་ནུས་པ་མེད་ཚེ་འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་མཐུན་སྦྱོར་ཐག་གཅོད་བྱེད་དགོས།

དོན་ཚན་ཉི་ཤུ་པ། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་བྱུང་རྗེས། འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་དགོས་ངེས་ཡིན་པར་ངོས་འཛིན་བྱས་ན་རང་རིམ་པའི་ མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ་དང་འཚུབ་བསྟུན་རོགས་སྐྱོབ་ཆེད་མཁས་པ། འཚུབ་བསྟུན་རོགས་སྐྱོབ་དཔུང་སྡེའི་འགན་འཁུར་པ། ལས་འཛོལ་བྱུང་བའི་ལས་ཁུངས་ཀྱི་འགན་འཁུར་པ་སོགས་ཀྱི་མི་སྣ་ལས་གྲུབ་པའི་འཚུབ་བསྟུན་རོགས་སྐྱོབ་ཡུལ་དངོས་བཀོད་འདོམས་པུའུ་གསར་འཛུགས་བྱེད་པ་མ་ཟད་ཡུལ་དངོས་ བཀོད་འདོམས་པུའུ་ཡི་སྤྱིའི་བཀོད་འདོམས་པ་དམིགས་འཛུགས་བྱེད་དགོས།

དོན་ཚན་ཉེར་གཅིག་པ། ཡུལ་དངོས་བཀོད་འདོམས་པུའུ་ཡིས་སྤྱིའི་བཀོད་འདོམས་པའི་འགན་འཁུར་ལམ་ལུགས་ལག་ལེན་དུ་བསྟར་ནས། རང་རིམ་པའི་མི་དམངས་སྲིད་གཞུང་གིས་དབང་སྐུར་བ་ལྟར་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་བྱུང་ཡུལ་དངོས་ཀྱི་འཚུབ་བསྟུན་རོགས་སྐྱོབ་ཇུས་གཞི་གཏན་ལ་འབེབས་པ་དང་ལག་ལེན་དུ་བསྟར་བར་རྩ་འཛུགས་བྱེད་ཅིང་། འབྲེལ་ཡོད་ལས་ཁུངས་སམ་མི་སྒེར་ཡུལ་དངོས་ཀྱི་འཚུབ་བསྟུན་རོགས་སྐྱོབ་ནང་ལ་ཞུགས་པར་མཐུན་སྦྱོར་དང་བཀོད་འདོམས་བྱེད་དགོས།

ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་བྱུང་ཡུལ་དངོས་ཀྱི་འཚུབ་བསྟུན་རོགས་སྐྱོབ་ནང་ལ་ཞུགས་པའི་ལས་ཁུངས་དང་མི་སྒེར་གྱིས་ཡུལ་དངོས་བཀོད་འདོམས་པུའུ་ཡི་གཅིག་གྱུར་བཀོད་འདོམས་དང་ལེན་བྱེད་དགོས།

དོན་ཚན་ཉེར་གཉིས་པ། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་གྱི་འཚུབ་བསྟུན་རོགས་སྐྱོབ་བརྒྱུད་རིམ་ནང་འཚུབ་བསྟུན་རོགས་སྐྱོབ་མི་སྣའི་ཚེ་སྲོག་བདེ་འཇགས་ལ་ཐད་ཀར་གནོད་སྲིད་པའི་གནས་ཚུལ་ཛ་དྲག་ཅན་ཤེས་སྐབས། ཡུལ་དངོས་བཀོད་འདོམས་པུའུ་དང་ཡང་ན་འཚུབ་བསྟུན་རོགས་སྐྱོབ་ལ་གཅིག་འགྱུར་གྱིས་བཀོད་འདོམས་བྱེད་པའི་མི་དམངས་སྲིད་གཞུང་གིས་འཕྲལ་དུ་གནས་ཚུལ་དེ་དང་མཐུན་པའི་བྱེད་ཐབས་བེད་སྤྱད་དེ་མངོན་མེད་རྐྱེན་ངན་བསལ་ནས། ཉེན་ཁ་ཆུང་དུ་གཏོང་བའམ་མེད་པར་བཟོ་དགོས། དགོས་ངེས་སྐབས་སུ་འཚུབ་བསྟུན་རོགས་སྐྱོབ་མི་སྣ་གནས་སྐབས་ཕྱིར་འཐེན་ཆོག

དོན་ཚན་ཉེར་གསུམ་པ། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་བྱུང་སའི་མི་དམངས་སྲིད་གཞུང་གིས་འཚུབ་བསྟུན་རོགས་སྐྱོབ་མི་སྣར་ངེས་པར་དུ་འཁོ་བའི་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་འགན་ལེན་འདོན་སྤྲོད་བྱེད་དགོས་པ་མ་ཟད། འཕྲིན་གཏོང་དང་འགྲིམ་འགྲུལ་སྐྱེལ་འདྲེན། སྨན་བཅོས་འཕྲོད་བསྟེན། གནམ་གཤིས། ཆུ་དཔྱད། ས་གཤིས། གློག་ཤུགས། ཆུའི་མཁོ་འདོན་སོགས་ཀྱི་ལས་ཁུངས་སྒྲིག་འཛུགས་བྱས་ཏེ་འཚུབ་བསྟུན་རོགས་སྐྱོབས་ལ་རོགས་རམ་བྱེད་དགོས།

དོན་ཚན་ཉེར་བཞི་པ། ཡུལ་དངོས་བཀོད་འདོམས་པུའུ་དང་ཡང་ན་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་ལ་གཅིག་འགྱུར་གྱིས་བཀོད་འདོམས་བྱེད་པའི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་འཚུབ་བསྟུན་རོགས་སྐྱོབ་ཀྱི་དོན་ཚན་གལ་ཆེན་ལ་ཆ་ཚང་དང་གནད་དུ་འཁེལ་བའི་ངང་ནས་ཟིན་ཐོ་འགོད་པ་མ་ཟད། འབྲེལ་ཡོད་ཀྱི་དང་ཐོག་དཔྱད་གཞི་དང་དཔང་རྟགས་ཉར་ཚགས་ནན་པོ་བྱེད་དགོས།

དོན་ཚན་ཉེར་ལྔ་པ། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་གྱི་འཇིགས་སྐུལ་དང་གནོད་པ་ཚོད་འཛིན་ནམ་གཙང་སེལ་བྱས་རྗེས། འབྲེལ་ཡོད་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདི་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་བེད་སྤྱད་པའི་འཚུབ་བསྟུན་རོགས་སྐྱོབ་བྱེད་ཐབས་ཚང་མའམ་ཆ་ཤས་ལག་བསྟར་བྱེད་ མཚམས་འཇོག་པར་གཏན་འཁེལ་བྱེད་དགོས།

དོན་ཚན་ཉེར་དྲུག་པ། འབྲེལ་ཡོད་མི་དམངས་སྲིད་གཞུང་དང་དེའི་སྡེ་ཁག་གིས་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་དགོས་མཁོ་ལྟར་ཁྲིམས་བཞིན་འཐེན་སྤྱོད་དང་བསྡུས་སྤྱོད་བྱས་པའི་ནོར་རྫས་དེ། བེད་སྤྱོད་བྱས་ཚར་བའམ་འཚུབ་བསྟུན་རོགས་སྐྱོབ་མཇུག་བསྡུས་རྗེས་དུས་ཐོག་ཏུ་ཕྱིར་སྤྲོད་དགོས། ནོར་རྫས་འཐེན་སྤྱོད་དང་བསྡུས་སྤྱོད་བྱས་པའམ་ཡང་ན་འཐེན་སྤྱོད་དང་བསྡུས་སྤྱོད་བྱས་རྗེས་གཏོར་བརླག་བཏང་བ་དང་རྩ་བ་ནས་ཉམས་པ་བྱས་ཚེ། འབྲེལ་ཡོད་མི་དམངས་སྲིད་གཞུང་དང་དེའི་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་གསབ་བྱེད་དགོས།

དོན་ཚན་ཉེར་བདུན་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་དབུ་བརྙེས་པའི་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་རྟོག་ཞིབ་ཚན་ཆུང་གིས་འཚུབ་བསྟུན་རོགས་སྐྱོབ་བྱ་བར་དཔྱད་དཔོག་བྱེད་དགོས་པ་མ་ཟད། ལས་འཛོལ་རྟོག་ཞིབ་སྙན་ཞུའི་ནང་དཔྱད་དཔོག་གི་སྡོམ་ཚིག་འགོད་དགོས།

དོན་ཚན་ཉེར་བརྒྱད་པ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་ཁྲོད་ཤི་རྨས་བྱུང་བའི་མི་རྣམས་ལ་དུས་ཐོག་ཏུ་སྲོག་སྐྱོབ་སྨན་བཅོས་དང་གཟིགས་སྐྱོང་བྱེད་དགོས། སྔོན་གཤེགས་དཔའ་བོར་དཔྱད་བསྡུར་གཏན་འབེབས་བྱེད་པའི་ཆ་རྐྱེན་མཐུན་པ་རྣམས་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྔོན་གཤེགས་དཔའ་བོར་དཔྱད་བསྡུར་གཏན་འབེབས་བྱེད་དགོས།

ལེའུ་བཞི་པ། ཁྲིམས་འབྲེལ་ཁུར་འཁྲི།

དོན་ཚན་ཉེར་དགུ་པ། ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་སོགས་ས་གནས་མི་དམངས་སྲིད་གཞུང་གི་མངག་གཏོང་ལས་ཁུངས་དང་དེ་བཞིན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཚེ། དེའི་གོང་རིམ་སྲིད་འཛིན་ལས་ཁུངས་ཀྱིས་ཡོ་བསྲང་བྱེད་དུ་འཇུག་དགོས་ལ། གནས་ཚུལ་ཚབས་ཆེན་ཡིན་ཚེ་ཐད་ཀར་འགན་འཁུར་བའི་གཙོ་གཉེར་མི་སྣ་དང་ཐད་དཀར་འགན་འཁུར་མཁན་གཞན་དག་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།

དོན་ཚན་སུམ་ཅུ་པ། ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱིས་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་གཏན་འབེབས་བྱས་མེད་པ་དང་དུས་བཅད་ལྟར་འཚུབ་བསྟུན་རོགས་སྐྱོབ་སྔོན་ཇུས་ནང་སྦྱོང་བྱེད་པར་སྒྲིག་འཛུགས་བྱས་མེད་པ། ལས་སྒྲུབ་མི་སྣར་འཚུབ་བསྟུན་སློབ་གསོ་དང་སྦྱོང་བརྡར་བྱས་མེད་པ། ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱི་འགན་འཁུར་མཁན་གཙོ་བོས་རང་ལས་ཁུངས་སུ་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་བྱུང་དུས་དེ་མ་ཐག་ཏུ་མྱུར་སྐྱོབ་སྒྲིག་འཛུགས་བྱས་མེད་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》ནང་གི་འབྲེས་ཡོད་གཏན་འབེབས་ལྟར་ཁྲིམས་འབྲེལ་ཁུར་འཁྲི་རྩད་གཅོད་བྱེད་དགོས།

དོན་ཚན་སོ་གཅིག་པ། ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱིས་འཚུབ་བསྟུན་རོགས་སྐྱོབ་ཡོ་ཆས་དང་སྒྲིག་ཆས་དངོས་རྫས་བཅས་ལ་རྒྱུན་ལྡན་རང་བཞིན་གྱི་སྲུང་སྐྱོང་དང་བདག་གཅེས་བྱས་མེད་པའི་དབང་གིས། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་ཚབས་ཆེན་བྱུང་བའམ་ཡང་ན་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་གྱི་གནོད་ཚད་ཇེ་ཆེར་གཏོང་བ་དང་ཡང་ན་རང་ལས་ཁུངས་སུ་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་བྱུང་རྗེས་དེ་དང་མཐུན་པའི་འཚུབ་བསྟུན་རོགས་སྐྱོབ་བྱེད་ཐབས་འཕྲལ་དུ་སྤྱད་མེད་པའི་དབང་གིས་མཇུག་འབྲས་ཚབས་ཆེན་བྱུང་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་དམ་འགན་འཁྲི་འཁུར་མཁན་སྡེ་ཁག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་བཅའ་ཁྲིམས》ནང་གི་འབྲེལ་ཡོད་གཏན་འབེབས་ལྟར་ཁྲིམས་འབྲེལ་ཁུར་འཁྲི་རྩད་གཅོད་བྱེད་དགོས།

དོན་ཚན་སོ་གཉིས་པ། ཐོན་སྐྱེད་ཚོང་གཉེར་ལས་ཁུངས་ཀྱིས་ཐོན་སྐྱེད་བདེ་འཇགས་ཐད་ཀྱི་ལས་འཛོལ་རོགས་སྐྱོབ་སྔོན་ཇུས་ཐོ་འགོད་སྙན་ཞུ་ཕུལ་མེད་པ་དང་འཚུབ་བསྟུན་ལས་རེས་ལམ་ལུགས་བཙུགས་མེད་པའམ་འཚུབ་བསྟུན་ལས་རེས་མི་སྣ་བཀོད་སྒྲིག་བྱས་མེད་ན། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཉེན་མེད་ཐོན་སྐྱེད་ལྟ་སྐུལ་དོ་

དམ་འགན་འཁྲི་འཁུར་མཁན་སྡེ་ཁག་གིས་དུས་བཅད་ནང་དག་བཅོས་བྱེད་དུ་འཇུག་དགོས། དུས་བཅད་ལས་ཡོལ་ནས་དག་བཅོས་བྱས་མེད་ན་སྒོར་ཁྲི3ཡན་ནས་སྒོར་ཁྲི5མན་བར་གྱི་དངུལ་ཆད་གཅོད་པ་དང་། ཐད་ཀར་འགན་འཁུར་བའི་གཙོ་གཉེར་མི་སྣ་དང་ཐད་ཀར་འགན་འཁུར་མཁན་གཞན་དག་ལ་སྒོར་ཁྲི1ཡན་ནས་སྒོར་ཁྲི2མན་བར་གྱི་དངུལ་ཆད་གཅོད་དགོས།

དོན་ཚན་སོ་གསུམ་པ། སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་དུ་གྲུབ་ན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་དགོས་ཤིང་། ནག་ཉེས་བསགས་ན་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་དགོས།

ལེའུ་ལྔ་པ། ཞར་བྱུང་།

དོན་ཚན་སོ་བཞི་པ། འབར་སླ་ཞིང་འགད་སླ་བའི་དངོས་རྫས་དང་ཉེན་ཆེའི་རྫས་འགྱུར་དངོས་རྫས་སོགས་ཉེན་ཁ་ཆེ་བའི་དངོས་རྫས་ཉར་ཚགས་དང་བེད་སྤྱོད་བྱེད་པའི་ཚན་ཞིབ་ལས་ཁུངས་དང་སློབ་གྲྭ། སྨན་ཁང་སོགས་ལས་ཁུངས་ཀྱི་བདེ་འཇགས་ཐད་ཀྱི་ལས་འཛོལ་འཚུབ་བསྟུན་ཐག་གཅོད་བྱ་བའི་ཐད་སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབས་ལ་བསྟུན་ནས་ལག་བསྟར་བྱེད་དགོས།

དོན་ཚན་སོ་ལྔ་པ། སྲོལ་ཡིག་འདི2019ལོའི་ཟླ4བའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་དགོས།