ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ།

ཨང707པ།

ད་ལྟ་བཟོ་བཅོས་བྱས་ཟིན་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་སྐོར་གྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་འདི2019ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་དགོས།

ཙུང་ལི། ལི་ཁོ་ཆང་ནས།

2018ལོའི་ཟླ12པའི་ཚེས18ཉིན།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་སྐོར་གྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག

(1994ལོའི་ཟླ1པོའི་ཚེས28ཉིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཨང142པ་ལས་ཁྱབ་བསྒྲགས་བྱས་ཤིང་། 2005ལོའི་ཟླ12པའི་ཚེས19ཉིན་གྱི《རྒྱལ་སྲིད་སྤྱི་ཁབ་ཁང་གི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་སྐོར་གྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག>བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན》ལྟར་བཟོ་བཅོས་ཐེངས་དང་པོ་བྱས་པ་དང་། 2008ལོའི་ཟླ2པའི་ཚེས18ཉིན་གྱི《རྒྱལ་སྲིད་སྤྱི་ཁབ་ཁང་གི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་སྐོར་གྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག>བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན》ལྟར་བཟོ་བཅོས་ཐེངས་གཉིས་པ་བྱས། 2011ལོའི་ཟླ7པའི་ཚེས19ཉིན་གྱི《རྒྱལ་སྲིད་སྤྱི་ཁབ་ཁང་གི<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་སྐོར་གྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག>བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན》ལྟར་བཟོ་བཅོས་ཐེངས་གསུམ་པ་བྱས་ལ། 2018ལོའི་ཟླ12པའི་ཚེས18ཉིན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་ཨང707པར་བཀོད་པ་ནི་བཟོ་བཅོས་ཐེངས་བཞི་བ་ཡིན།)

དོན་ཚན་དང་པོ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སྒེར་གྱི་ཐོབ་ཁྲལ་སྐོར་གྱི་བཅའ་ཁྲིམས》(གཤམ་དུ་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཞེས་བསྡུ་རྒྱུ།)ལྟར་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།

དོན་ཚན་གཉིས་པ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལས་བསྟན་པའི་ཀྲུང་གོའི་མངའ་ཁོངས་སུ་སྡོད་གནས་ཡོད་པ་ཞེས་པ་ནི། ཁྱིམ་ཐོ་དང་ཁྱིམ་ཚང་། དཔལ་འབྱོར་ཁེ་ཕན་བཅས་ཀྱི་འབྲེལ་བའི་དབང་གིས་ཀྲུང་གོའི་མངའ་ཁོངས་སུ་གོམས་ལོབ་ཏུ་སོང་ནས་ གནས་སྡོད་བྱེད་པ་ལ་ཟེར། ཀྲུང་གོའི་མངའ་ཁོངས་དང་མངའ་ཁོངས་ཕྱི་ནས་ཐོབ་པའི་ཐོབ་ཆ་ཞེས་པ་ནི། ཀྲུང་གོའི་མངའ་ཁོངས་ནས་ཐོབ་པའི་ཐོབ་ཆ་དང་མངའ་ཁོངས་ཕྱི་ནས་ཐོབ་པའི་ཐོབ་ཆ་ལ་ཟེར།

དོན་ཚན་གསུམ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་དང་ཁྲལ་དོན་གཙོ་གཉེར་སྡེ་ཁག་གཉིས་ལ་གཏན་ཁེལ་གཞན་ཡོད་པ་ཕུད། གཤམ་གསལ་གྱི་ཐོབ་ཆ་དེ་གཏོང་སྤྲོད་ཀྱི་གནས་ཀྲུང་གོའི་མངའ་ཁོངས་ཡིན་མིན་གང་ཡིན་རུང་ཀྲུང་གོའི་མངའ་ཁོངས་ནས་ཐོབ་པར་བརྩི་དགོས་ཏེ།

(གཅིག) ལས་འགན་འཁུར་བ་དང་གླ་བྱེད་པ། ཁ་ཆད་ལག་བསྟར་བྱེད་པ་སོགས་ཀྲུང་གོའི་མངའ་ཁོངས་སུ་ངལ་ལས་འདོན་སྤྲོད་བྱས་པའི་ཐོབ་ཆ།

(གཉིས།) བོགས་མར་ལེན་མཁན་ལ་རྒྱུ་ནོར་བོགས་མར་བཏང་སྟེ་ཀྲུང་གོའི་མངའ་ཁོངས་སུ་བཀོལ་ནས་ཐོབ་པའི་ཐོབ་ཆ།

(གསུམ།) དམིགས་འཁྲོལ་དབང་ཆ་སྣ་ཚོགས་བླངས་ཏེ་ཀྲུང་གོའི་མངའ་ཁོངས་སུ་བཀོལ་ནས་ཐོབ་པའི་ཐོབ་ཆ།

(བཞི།) ཀྲུང་གོའི་མངའ་ཁོངས་ཀྱི་བརྟན་ནོར་སོགས་རྒྱུ་ནོར་བཤུག་སྤྲོད་དམ་ཀྲུང་གོའི་མངའ་ཁོངས་སུ་རྒྱུ་ནོར་གཞན་དག་བཤུག་སྤྲོད་བྱས་ནས་ཐོབ་པའི་ཐོབ་ཆ།

(ལྔ།) ཀྲུང་གོའི་མངའ་ཁོངས་ཀྱི་ཁེ་ལས་དང་དོན་ལས་སྡེ་ཚན། རྩ་འཛུགས་གཞན་དག དེ་མིན་སྡོད་དམངས་མི་སྒེར་བཅས་ལས་ཐོབ་པའི་སྐྱེད་ཀ་དང་རྐང་སྐྱེད། ཁེ་སྤོགས་བཅས་ཀྱི་ཐོབ་ཆ་བཅས་སོ།།

དོན་ཚན་བཞི་བ། ཀྲུང་གོའི་མངའ་ཁོངས་སུ་སྡོད་གནས་མེད་པའི་མི་སྒེར་ཀྲུང་གོའི་མངའ་ཁོངས་སུ་བསྡད་པའི་རིམ་བསགས་ཀྱི་ཉིན་གྲངས183ལོངས་པའི་ལོ་འཁོར་བསྟུད་མར་ལོ་དྲུག་ལོངས་མེད་པ་ལ། ཁྲལ་དོན་གཙོ་གཉེར་ལས་ཁུངས་ལ་ཐོ་འགོད་སྙན་སེང་ཞུས་པ་བརྒྱུད་དེ། དེའི་ཐོབ་ཆའི་ཡོང་ཁུངས་ནི་ཀྲུང་གོའི་མངའ་ཁོངས་ཕྱི་ཡིན་པར་མ་ཟད། ཀྲུང་གོའི་མངའ་ཁོངས་ཕྱིའི་སྡེ་ཚན་ནམ་མི་སྒེར་གྱིས་གཏོང་སྤྲོད་བྱས་པའི་ཐོབ་ཆ་ཡིན་ཚེ། མི་སྒེར་གྱི་ཐོབ་ཁྲལ་གཞལ་མི་དགོས། ཀྲུང་གོའི་མངའ་ཁོངས་སུ་བསྡད་ནས་རིམ་བསགས་ཀྱི་ཉིན་གྲངས183ལོངས་པའི་ལོ་འཁོར་གང་རུང་ཞིག་གི་ནང་དུ་ཐེངས་གཅིག་ལ་ཀྲུང་གོ་ནས་ཁ་བྲལ་ཏེ་ཉིན30འགོར་ཚེ། ཀྲུང་གོའི་མངའ་ཁོངས་སུ་བསྡད་པའི་རིམ་བསགས་ཀྱི་ཉིན་གྲངས183ལོངས་པའི་ལོ་འཁོར་གྱི་བསྟུད་མའི་ལོ་བཅད་དེ་ཡང་བསྐྱར་བརྩི་མགོ་བརྩམ་དགོས།

དོན་ཚན་ལྔ་བ། ཀྲུང་གོའི་མངའ་ཁོངས་སུ་སྡོད་གནས་མེད་པའི་མི་སྒེར་དེ་དཔྱ་ཁྲལ་འཇལ་བའི་ལོ་འཁོར་གཅིག་གི་ནང་དུ་ཀྲུང་གོའི་མངའ་ཁོངས་སུ་བསྡད་པའི་རིམ་བསགས་ཀྱི་ཉིན་གྲངས90ལས་བརྒལ་མེད་ཚེ། དེའི་ཀྲུང་གོའི་མངའ་ཁོངས་ནས་ཐོབ་པའི་ཐོབ་ཆ་དེ་ཀྲུང་གོའི་ཕྱིའི་གླ་བདག་གིས་གཏོང་སྤྲོད་བྱས་པར་མ་ཟད། གླ་བདག་དེས་ཀྲུང་གོའི་མངའ་ཁོངས་ཀྱི་ལས་ཁུངས་དང་ས་གནས་སུ་འགན་ཁུར་མི་དགོས་པའི་ཁག་ཡིན་པར་མི་སྒེར་གྱི་ཐོབ་ཁྲལ་གཞལ་མི་དགོས།

དོན་ཚན་དྲུག་པ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ལས་གཏན་ལ་ཕབ་པའི་མི་སྒེར་གྱི་ཐོབ་ཆའི་རྣམ་གྲངས་སོ་སོའི་ཁྱབ་ཁོངས་ནི།

(གཅིག) གླ་ཕོགས་དང་ཕོགས་དངུལ་གྱི་ཐོབ་ཆ་ཞེས་པ་ནི། མི་སྒེར་གྱིས་འགན་འཁུར་བའམ་གླ་ལས་བྱས་ནས་ཐོབ་པའི་གླ་ཕོགས་དང་ཕོགས་དངུལ། བྱ་དགའི་དངུལ། ལོ་མཇུག་དུ་བསྣན་པའི་ཕོགས་དངུལ། ངལ་རྩོལ་གྱི་ཁེ་སྦོགས། ཕོགས་སྣོན། གསབ་དངུལ། དེ་མིན་འགན་ཁུར་བའམ་གླ་ལས་བྱས་པའི་འབྲེལ་ཡོད་ཀྱི་ཐོབ་ཆ་གཞན་པ་ལ་ཟེར།

(གཉིས།) ངལ་ལས་ཀྱི་གླ་ཆའི་ཐོབ་ཆ་ཞེས་པ་ནི། མི་སྒེར་གྱིས་ངལ་ལས་བྱས་ནས་ཐོབ་པའི་ཐོབ་ཆ་སྟེ། དེའི་ནང་དུ་ཇུས་འགོད་དང་མཛེས་བཟོ། སྒྲིག་སྦྱོར། དཔེ་རིས་འབྲི་བ། རྫས་འགྱུར་བརྟག་དཔྱད། ཚད་ལེན་ཚོད་ལྟ། སྨན་བཅོས། བཅའ་ཁྲིམས། རྩིས་གཉེར། བློ་འདྲི། འཆད་ཁྲིད། ལོ་ཙཱ། མ་ཡིག་ཞུ་དག ཡིག་རིས། བརྐོས་བཟོ། གློག་བརྙན་འཕྲིན། སྒྲ་ཕབ། བརྙན་ཕབ། འཁྲབ་སྟོན། འཁྲབ་པ། བརྡ་ཁྱབ། འགྲེམ་སྟོན། ལག་རྩལ་ཞབས་ཕྱི། ངོ་སྤྲོད་ཞབས་ཕྱི། བདག་གཉེར་ཞབས་ཕྱི། ལས་ཚབ་ཞབས་ཕྱི། དེ་མིན་ངལ་ལས་གཞན་པ་བྱས་ནས་ཐོབ་པའི་ཐོབ་ཆ་བཅས་འདུ།

(གསུམ།) རྩོམ་ཡོན་ཐོབ་ཆ་ཞེས་པ་ནི། མི་སྒེར་གྱིས་བརྩམས་ཆོས་དེ་དཔེ་དེབ་དང་དུས་དེབ་སོགས་ཀྱི་རྣམ་པའི་པར་སྐྲུན་དང་དེབ་ཏུ་བཀོད་ནས་ཐོབ་པའི་ཐོབ་ཆ་ལ་ཟེར།

(བཞི།) དམིགས་འཁྲོལ་དབང་ཆ་སྤྱོད་ཡོན་གྱི་ཐོབ་ཆ་ཞེས་པ་ནི། མི་སྒེར་གྱིས་ཆེད་ཁེའི་བདག་དབང་དང་ཚོང་རྟགས་བདག་དབང་། རྩོམ་དབང་། ཆེད་ཁེ་མིན་པའི་ལག་རྩལ་དང་དེ་མིན་དམིགས་འཁྲོལ་དབང་ཆ་གཞན་དག་གི་སྤྱོད་དབང་བཅས་འདོན་སྤྲོད་བྱས་པ་ལས་ཐོབ་པའི་ཐོབ་ཆ་ལ་ཟེར། རྩོམ་དབང་གི་བཀོལ་སྤྱོད་དབང་ཆ་འདོན་སྤྲོད་བྱས་པ་ལས་ཐོབ་པའི་ཐོབ་ཆ་དེར་རྩོམ་ཡོན་མི་འདུ།

(ལྔ།) བདག་གཉེར་ཐོབ་ཆ་ཞེས་པ་ནི།

1.སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་གིས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྒོ་སྤེལ་ནས་ཐོབ་པའི་ཐོབ་ཆ་དང་། མི་སྒེར་གྱི་མ་རྩ་ཁེར་འཇོག་ཁེ་ལས་ཀྱི་མ་དངུལ་འཇོག་མཁན་དང་མཉམ་སྡེབ་ཁེ་ལས་ཀྱི་མཉམ་གཉེར་མཁན་མི་སྒེར་ལ་མངའ་ཁོངས་ནང་དུ་ཐོ་འགོད་བྱས་ཡོད་པའི་མི་སྒེར་གྱི་མ་རྩ་ཁེར་འཇོག་ཁེ་ལས་དང་། མཉམ་སྡེབ་ཁེ་ལས་ཀྱིས་ཐོན་སྐྱེད་དང་ལས་གཉེར་བྱས་ནས་ཐོབ་པའི་ཐོབ་ཆ།

2.མི་སྒེར་གྱིས་ཁྲིམས་ལྟར་སློབ་སྒྲུབ་དང་སྨན་བཅོས། བློ་འདྲི། དེ་མིན་གླ་ལེན་ཞབས་ཕྱིའི་བྱེད་སྒོ་གཞན་པ་སྤེལ་ནས་ཐོབ་པའི་ཐོབ་ཆ།

3.མི་སྒེར་གྱིས་ཁེ་ལས་དང་དོན་ལས་སྡེ་ཚན་གྱི་གཉེར་འགན་གཙང་ལེན་དང་བོགས་མར་ལེན་པ་དང་། དེ་མིན་གཉེར་འགན་བཤུག་སྤྲོད་དང་བོགས་མར་བཤུག་གཏོང་བྱས་ནས་ཐོབ་པའི་ཐོབ་ཆ།

4.མི་སྒེར་གྱིས་ཐོན་སྐྱེད་དང་ལས་གཉེར་བྱེད་སྒོ་གཞན་དག་སྤེལ་ནས་ཐོབ་པའི་ཐོབ་ཆ་བཅས་ལ་ཟེར་རོ།།

(དྲུག) སྐྱེད་ཀ་དང་རྐང་སྐྱེད། ཁེ་སྤོགས་བཅས་ཀྱི་ཐོབ་ཆ་ཞེས་པ་ནི། མི་སྒེར་ལ་བུན་དབང་དང་མ་རྐང་འཛིན་དབང་སོགས་ཡོད་པ་ལས་ཐོབ་པའི་སྐྱེད་ཀ་དང་རྐང་སྐྱེད། ཁེ་སྤོགས་བཅས་ཀྱི་ཐོབ་ཆ་ལ་ཟེར།

(བདུན།) རྒྱུ་ནོར་བོགས་མར་བཏང་བའི་ཐོབ་ཆ་ཞེས་པ་ནི། མི་སྒེར་གྱིས་བརྟན་ནོར་དང་འཕྲུལ་འཁོར་སྒྲིག་ཆས། འཁོར་གྲུ། དེ་མིན་རྒྱུ་ནོར་གཞན་པ་བོགས་མར་བཏང་ནས་ཐོབ་པའི་ཐོབ་ཆ་ལ་ཟེར།

(བརྒྱད།) རྒྱུ་ནོར་བཤུག་སྤྲོད་ཀྱི་ཐོབ་ཆ་ཞེས་པ་ནི། མི་སྒེར་གྱིས་རིན་ལྡན་དངུལ་འཛིན་དང་རྐང་དབང་། མཉམ་སྡེབ་ཁེ་ལས་ཁྲོད་ཀྱི་རྒྱུ་ནོར་ཐོབ་སྐལ་དང་བརྟན་ནོར། འཕྲུལ་འཁོར་སྒྲིག་ཆས། འཁོར་གྲུ དེ་མིན་རྒྱུ་ནོར་གཞན་དག་བཤུག་སྤྲོད་བྱས་ནས་ཐོབ་པའི་ཐོབ་ཆ་ལ་ཟེར།

(དགུ།) སྟེས་དབང་གི་ཐོབ་ཆ་ཞེས་པ་ནི། མི་སྒེར་ལ་བྱ་དགའ་ཐོབ་པ་དང་རྒྱན་ཐོབ་པ། བྱ་དགའི་འཛིན་ཤོག་ཐོབ་པ། དེ་མིན་སྟེས་དབང་རང་བཞིན་གྱི་ཐོབ་ཆ་གཞན་དག་ལ་ཟེར།

མི་སྒེར་ལ་ཐོབ་པའི་ཐོབ་ཆ་དེ་ཁྲལ་གཞལ་དགོས་པའི་ཐོབ་ཆའི་རྣམ་གྲངས་ཡིན་མིན་ཁ་ཚོན་གཅོད་དཀའ་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲལ་དོན་གཙོ་གཉེར་སྡེ་ཁག་གིས་གཏན་ཁེལ་བྱ་དགོས།

དོན་ཚན་བདུན་པ། མ་རྐང་འཛིན་ཤོག་བཤུག་སྤྲོད་ཀྱི་ཐོབ་ཆ་ལ་མི་སྒེར་གྱི་ཐོབ་ཁྲལ་བསྡུ་ཐབས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟུར་དུ་གཏན་འབེབས་བྱ་དགོས་པར་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་སེང་ཐོ་འགོད་ཞུ་དགོས།

དོན་ཚན་བརྒྱད་པ། མི་སྒེར་གྱི་ཐོབ་ཆའི་རྣམ་པ་ལ་ལག་དངུལ་དང་དངོས་རྫས། རིན་ལྡན་དངུལ་འཛིན། ད་དུང་རྣམ་པ་གཞན་གྱི་དཔལ་འབྱོར་ཁེ་ཕན་བཅས་འདུ། ཐོབ་ཆ་ནི་དངོས་རྫས་ཡིན་ན། ཐོབ་པའི་འཛིན་ཡིག་ཐོག་བཀོད་པའི་རིན་གོང་ལྟར་ཁྲལ་གཞལ་དགོས་པའི་ཐོབ་འབོར་བརྩི་དགོས། འཛིན་ཤོག་མེད་པའི་དངོས་རྫས་སམ་འཛིན་ཤོག་ཐོག་བཀོད་པའི་རིན་གོང་དེ་མངོན་གསལ་གྱིས་དམའ་དྲགས་ན་ཚོང་རའི་རིན་གོང་ལ་གཞིགས་ཏེ་ཁྲལ་གཞལ་དགོས་པའི་ཐོབ་འབོར་ཞིབ་བཤེར་བྱས་ནས་གཏན་འབེབས་བྱ་དགོས། ཐོབ་ཆ་ནི་རིན་ལྡན་འཛིན་ཤོག་ཡིན་ན། འཛིན་ཤོག་ངོས་ཀྱི་རིན་གོང་དང་ཚོང་རའི་རིན་གོང་ལ་གཞིགས་ཏེ་ཁྲལ་གཞལ་དགོས་པའི་ཐོབ་འབོར་ཞིབ་བཤེར་བྱས་ནས་གཏན་འབེབས་བྱ་དགོས། ཐོབ་ཆ་ནི་རྣམ་པ་གཞན་གྱི་དཔལ་འབྱོར་ཁེ་ཕན་ཡིན་ན། ཚོང་རའི་རིན་གོང་ལ་གཞིགས་ཏེ་ཁྲལ་གཞལ་དགོས་པའི་ཐོབ་འབོར་ཞིབ་བཤེར་བྱས་ནས་གཏན་འབེབས་བྱ་དགོས།

དོན་ཚན་དགུ་བ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བཞི་བའི་ནང་ཚན་དང་པོའི་ཡང་ཚན་གཉིས་པའི་ནང་བསྟན་པའི་རྒྱལ་བུན་གྱི་སྐྱེད་ཀ་ཞེས་པ་ནི། མི་སྒེར་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ཡིས་འགྲེམ་སྤེལ་བྱས་པའི་བུན་འཛིན་ཡོད་པ་ལས་ཐོབ་པའི་སྐྱེད་ཀ་ལ་ཟེར་ཞིང་། རྒྱལ་ཁབ་ཀྱིས་འགྲེམ་སྤེལ་བྱས་པའི་དངུལ་རྩའི་བུན་འཛིན་གྱི་སྐྱེད་ཀ་ཞེས་པ་ནི། མི་སྒེར་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་ནས་འགྲེམ་སྤེལ་བྱས་པའི་དངུལ་རྩའི་བུན་འཛིན་ཡོད་པ་ལས་ཐོབ་པའི་སྐྱེད་ཀ་ལ་ཟེར།

དོན་ཚན་བཅུ་བ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བཞི་བའི་ནང་ཚན་དང་པོའི་ཡང་ཚན་གསུམ་པའི་ནང་བསྟན་པའི་རྒྱལ་ཁབ་ཀྱི་གཅིག་གྱུར་གཏན་ཕབ་ལྟར་བྱིན་པའི་ཁ་གསབ་དང་ཕོགས་སྣོན་ཞེས་པ་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་ཕབ་ལྟར་བྱིན་པའི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་དང་ཡོན་ཧྲིའི་ཕོགས་སྣོན། དེ་མིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་མི་སྒེར་གྱི་ཐོབ་ཁྲལ་གཞལ་མི་དགོས་པའི་ཁ་གསབ་དང་ཕོགས་སྣོན་གཞན་དག་ལ་ཟེར།

དོན་ཚན་བཅུ་གཅིག་པ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བཞི་བའི་ནང་ཚན་དང་པོའི་ཡང་ཚན་བཞི་བའི་ནང་བསྟན་པའི་ཕན་བདེའི་གྲོན་དངུལ་ཞེས་པ་ནི། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཕབ་ལྟར་ཁེ་ལས་དང་དོན་ལས་སྡེ་ཚན། རྒྱལ་ཁབ་ལས་ཁུངས། སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་འཐེན་འཇོག་བྱས་པའི་ཕན་བདེའི་གྲོན་དངུལ་ལམ་བཟོ་ཚོགས་ཀྱི་གྲོན་དངུལ་ལས་མི་སྒེར་ལ་བྱིན་པའི་འཚོ་བའི་ཁ་གསབ་རོགས་དངུལ་ལ་ཟེར། རྒུད་སྐྱོབ་གྲོན་དངུལ་ཞེས་པ་ནི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་གིས་མི་སྒེར་ལ་བྱིན་པའི་འཚོ་བ་དཀའ་སེལ་རོགས་དངུལ་ལ་ཟེར།

དོན་ཚན་བཅུ་གཉིས་པ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བཞི་བའི་ནང་ཚན་དང་པོའི་ཡང་ཚན་བརྒྱད་པའི་ནང་བསྟན་པའི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་ཕབ་ལྟར་ཁྲལ་གཞལ་མི་དགོས་པའི་རྒྱལ་ཁབ་སོ་སོའི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ལས་ཁུངས་དང་གཞུང་ཚབ་དོན་གཅོད་ཁང་གི་ཕྱི་འབྲེལ་འཐུས་ཚབ། གཞུང་ཚབ་དོན་གཅོད་ཁང་གི་འགན་ཁུར་བ་དང་མི་སྣ་གཞན་དག་གི་ཐོབ་ཆ་ཞེས་པ་ནི། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཁྱད་དབང་དང་ཆག་ཡང་གཏོང་བའི་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཁྱད་དབང་དང་ཆག་ཡང་གཏོང་བའི་སྲོལ་ཡིག》གི་གཏན་ཕབ་ལྟར་ཁྲལ་གཞལ་མི་དགོས་པའི་ཐོབ་ཆ་ལ་ཟེར།

དོན་ཚན་བཅུ་གསུམ་པ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ནང་ཚན་དང་པོའི་ཡང་ཚན་དང་པོའི་ནང་བསྟན་པའི་ཁྲིམས་ལྟར་གཏན་ཁེལ་བྱས་པའི་འཐེན་འཕྲི་གཞན་དག་གི་ནང་དུ། མི་སྒེར་གྱིས་རྒྱལ་ཁབ་ཀྱི་གཏན་ཕབ་ལྟར་སྤྲད་པའི་ཁེ་ལས་ཀྱི་ལོ་དངུལ་དང་ལས་རིགས་ཀྱི་ལོ་དངུལ་དང་། མི་སྒེར་གྱིས་རྒྱལ་ཁབ་ཀྱི་གཏན་ཕབ་ལྟར་ཉོས་པའི་ཚོང་ལས་བདེ་ཐང་འགན་བཅོལ་དང་ཁྲལ་བསྡུ་རིམ་བཞིན་བགྱང་བའི་ཚོང་ལས་རྒན་གསོ་འགན་བཅོལ་གྱི་འགྲོ་སྒོ་དང་། དེ་མིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་འཐེན་ཆོག་པའི་རྣམ་གྲངས་གཞན་དག་བཅས་འདུ།

ཆེད་དོན་འཐེན་འཕྲི་དང་ཆེད་དོན་ཟུར་སྣོན་འཐེན་འཕྲི། བཅའ་ཁྲིམས་ལྟར་གཏན་ཁེལ་བྱས་པའི་འཐེན་འཕྲི་གཞན་དག་ནི། སྡོད་དམངས་མི་སྒེར་གྱིས་ཁྲལ་འཇལ་ལོ་འཁོར་གཅིག་གི་ནང་དུ་ཁྲལ་གཞལ་དགོས་པའི་ཐོབ་འབོར་དེ་བཅད་གྲངས་བྱ་དགོས་ཤིང་། ཁྲལ་འཇལ་ལོ་འཁོར་གཅིག་གི་ནང་དུ་འཐེན་མ་ཚར་ན། ཕྱིན་ཆད་ཀྱི་ལོ་འཁོར་དུ་རྩིས་ཁོངས་སྤོར་ནས་འཐེན་མི་ཆོག

དོན་ཚན་བཅུ་བཞི་བ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ནང་ཚན་དང་པོའི་ཡང་ཚན་གཉིས་པ་དང་བཞི་བ། དྲུག་པའི་ནང་བསྟན་པའི་ཐེངས་རེ་ཞེས་པ་ནི་གཤམ་གསལ་གྱི་བྱེད་ཐབས་ལྟར་ཐ་དད་དུ་གཏན་ཁེལ་བྱ་དགོས་ཏེ།

(གཅིག) ངལ་ལས་གླ་ཡོན་ཐོབ་ཆ་དང་རྩོམ་ཡོན་ཐོབ་ཆ། དམིགས་འཁྲོལ་དབང་ཆ་སྤྱོད་ཡོན་གྱི་ཐོབ་ཆ་དག་ཐེངས་གཅིག་ཅན་གྱི་ཡོང་སྒོར་གཏོགས་ན། ཡོང་སྒོའི་རྣམ་གྲངས་དེ་ཐེངས་གཅིག་ལ་ཐོབ་པར་བརྩི་བ་དང་། རྣམ་གྲངས་གཅིག་བསྟུད་མར་ཐོབ་པའི་ཡོང་སྒོར་གཏོགས་ན། ཟླ་གཅིག་གི་ནང་དུ་ཐོབ་པའི་ཡོང་སྒོ་དག་ཐེངས་གཅིག་ལ་བརྩི་དགོས།

(གཉིས།) རྒྱུ་ནོར་བོགས་མར་བཏང་བའི་ཐོབ་ཆ་ནི་ཟླ་གཅིག་གི་ནང་དུ་ཐོབ་པའི་ཡོང་སྒོ་དེ་ཐེངས་གཅིག་ལ་བརྩི་དགོས།

(གསུམ།) སྐྱེད་ཀ་དང་རྐང་སྐྱེད། ཁེ་སྤོགས་བཅས་ཀྱི་ཐོབ་ཆ་ནི་སྐྱེད་ཀ་དང་རྐང་སྐྱེད། ཁེ་སྤོགས་བཅས་གཏོང་སྤྲོད་བྱས་ནས་ཐོབ་པའི་ཡོང་སྒོ་དེ་ཐེངས་གཅིག་ལ་བརྩི་དགོས།

(བཞི།) སྟེས་དབང་གི་ཐོབ་ཆ་ནི་ཡོང་སྒོ་རྣམ་གྲངས་དེ་ཐོབ་ཐེངས་རེ་ཐེངས་གཅིག་ལ་བརྩི་དགོས།

དོན་ཚན་བཅོ་ལྔ་བ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ནང་ཚན་དང་པོའི་ཡང་ཚན་གསུམ་པའི་ནང་བསྟན་པའི་མ་རྩ་དང་འགྲོ་གྲོན་ཞེས་པ་ནི། ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྒོའི་ཁྲོད་བྱུང་བའི་ཐད་ཀར་གྱི་འགྲོ་སྒོ་དང་བགོ་བཤའ་མ་རྩའི་ནང་བརྩིས་པའི་གཞན་བརྒྱུད་ཀྱི་འགྲོ་གྲོན། དེ་མིན་ཕྱིར་འཚོང་འགྲོ་གྲོན་དང་དོ་དམ་འགྲོ་གྲོན། ནོར་དོན་འགྲོ་གྲོན་བཅས་ལ་ཟེར། གྱོང་གུན་ཞེས་པ་ནི་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྒོའི་ཁྲོད་བྱུང་བའི་བརྟན་ནོར་དང་བསགས་དངོས་ཀྱི་གྱོང་གུན་རྩིས་བཤེར་དང་གཏོར་བརླག་ཐེབས་པ། བེད་མེད་དུ་བཏང་བ་བཅས་ཀྱི་གྱོང་གུན་དང་། རྒྱུ་ནོར་བཤུག་སྤྲོད་བྱས་པའི་གྱོང་གུན་དང་བུན་ནག་གྱོང་གུན། རང་བྱུང་གནོད་འཚེ་སོགས་འགོག་ཐབས་མེད་པའི་རྒྱུ་རྐྱེན་གྱིས་བཟོས་པའི་གྱོང་གུན་དང་གྱོང་གུན་གཞན་དག་བཅས་ལ་ཟེར།

གཉེར་སྐྱོང་ཐོབ་ཆ་ཐོབ་པའི་མི་སྒེར་ལ་ཕྱོགས་བསྡུས་ཀྱི་ཐོབ་ཆ་མེད་ན། ཁྲལ་འཇལ་ལོ་འཁོར་རེའི་ཁྲལ་གཞལ་དགོས་པའི་ཐོབ་འབོར་རྩི་དུས། འགྲོ་གྲོན་སྒོར་ཁྲི6དང་ཆེད་དོན་འཐེན་འཕྲི། ཆེད་དོན་ཟུར་སྣོན་འཐེན་འཕྲི། གཞན་བཅའ་ཁྲིམས་ལྟར་གཏན་ཁེལ་བྱས་པའི་འཐེན་འཕྲི་གཞན་དག་འཐེན་དགོས། ཆེད་དོན་ཟུར་སྣོན་འཐེན་འཕྲི་དེ་བསྡོམས་རྩིས་གཙང་སྤྲོད་འགྲོ་ལུགས་སྒྲུབ་སྐབས་འཐེན་དགོས།

ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྒོ་སྤེལ་བར་ཆ་ཚང་ཞིང་ཡང་དག་པའི་ཁྲལ་འཇལ་རྒྱུ་ཆ་འདོན་སྤྲོད་མ་བྱས་པ་དང་། ཁྲལ་གཞལ་དགོས་པའི་ཐོབ་འབོར་ཡང་དག་པར་བརྩི་མི་ཐུབ་ཚེ། ཁྲལ་དོན་གཙོ་གཉེར་ལས་ཁུངས་ཀྱིས་ཁྲལ་གཞལ་དགོས་པའི་ཐོབ་འབོར་རམ་གཞལ་དགོས་པའི་ཁྲལ་འབོར་ཞིབ་བཤེར་བྱས་ནས་གཏན་འབེབས་བྱ་དགོས།

དོན་ཚན་བཅུ་དྲུག་པ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ནང་ཚན་དང་པོའི་ཡང་ཚན་ལྔ་བའི་ནང་གཏན་ལ་ཕབ་པའི་རྒྱུ་ནོར་གྱི་མ་གནས་དེ། གཤམ་གསལ་གྱི་བྱེད་ཐབས་ལྟར་གཏན་ཁེལ་བྱ་དགོས་ཏེ།

(གཅིག) རིན་ལྡན་འཛིན་ཡིག་ནི། ཚུར་ཉོས་པའི་རིན་གོང་དང་ཉོ་སྐབས་གཏན་འབེབས་ལྟར་སྤྲད་པའི་འབྲེལ་ཡོད་ཀྱི་འགྲོ་གྲོན་ལྟར་གཏན་ཁེལ་བྱ་དགོས།

(གཉིས) བཟོ་བཀོད་ནི། བཟོ་སྐྲུན་འགྲོ་གྲོན་ནམ་ཉོ་སྒྲུབ་རིན་གོང་དང་། དེ་མིན་འབྲེལ་ཡོད་ཀྱི་འགྲོ་གྲོན་གཞན་དག་ལྟར་གཏན་ཁེལ་བྱ་དགོས།

(གསུམ།) ས་ཞིང་སྤྱོད་དབང་ནི། ས་ཞིང་སྤྱོད་དབང་ཐོབ་ཆེད་གཏོང་སྤྲོད་བྱས་པའི་དངུལ་འབོར་དང་། ས་ཞིང་གསར་སྤེལ་བྱས་པའི་འགྲོ་གྲོན། དེ་མིན་འབྲེལ་ཡོད་ཀྱི་འགྲོ་གྲོན་གཞན་དག་ལྟར་གཏན་ཁེལ་བྱ་དགོས།

(བཞི།) འཕྲུལ་འཁོར་སྒྲིག་ཆས་དང་འཁོར་གྲུ་ནི། ཉོ་སྒྲུབ་ཀྱི་རིན་གོང་དང་སྐྱེལ་འདྲེན་འགྲོ་གྲོན། སྒྲིག་སྦྱོར་གྲོན་དངུལ། དེ་མིན་འབྲེལ་ཡོད་ཀྱི་འགྲོ་གྲོན་གཞན་དག་ལྟར་གཏན་ཁེལ་བྱ་དགོས།

རྒྱུ་ནོར་གཞན་དག་ལ་གོང་གསལ་དོན་ཚན་ནང་གཏན་ལ་ཕབ་པའི་བྱེད་ཐབས་ལྟར་རྒྱུ་ནོར་གྱི་མ་གནས་གཏན་ཁེལ་བྱ་དགོས།

ཁྲལ་འཇལ་མཁན་གྱིས་ཆ་ཚང་ཞིང་ཡང་དག་པའི་རྒྱུ་ནོར་གྱི་མ་གནས་ཀྱི་འཛིན་ཡིག་འདོན་སྤྲོད་མ་བྱས་པ་དང་། དོན་ཚན་འདིའི་ནང་ཚན་དང་པོ་ལས་གཏན་ལ་ཕབ་པའི་བྱེད་ཐབས་ལྟར་རྒྱུ་ནོར་གྱི་མ་གནས་གཏན་ཁེལ་བྱེད་མ་ཐུབ་ཚེ། ཁྲལ་དོན་གཙོ་གཉེར་ལས་ཁུངས་ཀྱིས་རྒྱུ་ནོར་གྱི་མ་གནས་ཞིབ་བཤེར་གཏན་འབེབས་བྱ་དགོས།

མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ནང་ཚན་དང་པོའི་ཡང་ཚན་ལྔ་བའི་ནང་བསྟན་པའི་ལུགས་མཐུན་གྱི་འགྲོ་གྲོན་ཞེས་པ་ནི། རྒྱུ་ནོར་ཕྱིར་འཚོང་བྱེད་སྐབས་གཏན་ཕབ་ལྟར་འཇལ་བའི་འབྲེལ་ཡོད་ཁྲལ་གྲོན་ལ་ཟེར།

དོན་ཚན་བཅུ་བདུན་པ། རྒྱུ་ནོར་བཤུག་སྤྲོད་བྱས་པའི་ཐོབ་ཆ་དེར། ཐེངས་གཅིག་ལ་རྒྱུ་ནོར་བཤུག་སྤྲོད་བྱས་པའི་ཐོབ་འབོར་ལས་རྒྱུ་ནོར་གྱི་མ་གནས་དང་ལུགས་མཐུན་གྱི་འགྲོ་གྲོན་ཕྲི་རྗེས་ཀྱི་ལྷག་གྲངས་ལྟར་བརྩིས་ནས་ཁྲལ་གཞལ་དགོས།

དོན་ཚན་བཅོ་བརྒྱད་པ། མི་གཉིས་ཡན་གྱི་མི་སྒེར་གྱིས་རྣམ་གྲངས་གཅིག་པའི་ཐོབ་ཆ་མཉམ་དུ་ཐོབ་ན། མི་རེ་རེར་ཐོབ་པའི་ཐོབ་ཆ་དེ་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་སོ་སོར་བརྩིས་ནས་ཁྲལ་གཞལ་དགོས།

དོན་ཚན་བཅུ་དགུ་བ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་དྲུག་པའི་ནང་ཚན་གསུམ་པའི་ནང་བསྟན་པའི་མི་སྒེར་གྱིས་རང་ཉིད་ཀྱི་ཐོབ་ཆ་དེ་སློབ་གསོ་དང་དབུལ་སྐྱོར། དཀའ་སེལ་སོགས་སྤྱི་ཕན་དགེ་སྒྲུབ་ལས་དོན་ལ་ཞལ་འདེབས་ཕུལ་བ་ཞེས་པ་ནི། མི་སྒེར་གྱིས་རང་གི་ཐོབ་ཆ་དེ་ཀྲུང་གོའི་མངའ་ཁོངས་ཀྱི་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་རྩ་འཛུགས་དང་རྒྱལ་ཁབ་ཀྱི་ལས་ཁུངས་བརྒྱུད་ནས་སློབ་གསོ་དང་དབུལ་སྐྱོར། དཀའ་སེལ་སོགས་སྤྱི་ཕན་དགེ་སྒྲུབ་ལས་དོན་ལ་ཞལ་འདེབས་ཕུལ་བ་ལ་ཟེར། ཁྲལ་གཞལ་དགོས་པའི་ཐོབ་འབོར་ཞེས་པ་ནི། ཞལ་འདེབས་ཀྱི་སྒོར་མོ་འཐེན་ནས་མ་བརྩིས་སྔོན་གྱི་ཁྲལ་གཞལ་དགོས་པའི་ཐོབ་འབོར་ལ་ཟེར།

དོན་ཚན་ཉི་ཤུ་བ། སྡོད་དམངས་མི་སྒེར་ལ་ཀྲུང་གོའི་མངའ་ཁོངས་དང་མངའ་ཁོངས་ཕྱི་ནས་ཐོབ་པའི་ཕྱོགས་བསྡུས་ཐོབ་ཆ་དང་གཉེར་སྐྱོང་ཐོབ་ཆ་ལ་ཐ་དད་དུ་གཅིག་ཏུ་བསྒྲིལ་ནས་གཞལ་དགོས་པའི་ཁྲལ་འབོར་བརྩི་དགོས། ཀྲུང་གོའི་མངའ་ཁོངས་དང་མངའ་ཁོངས་ཕྱི་ནས་ཐོབ་པའི་ཐོབ་ཆ་གཞན་དག་ལ་ཐ་དད་དུ་ལོགས་སུ་གཞལ་དགོས་པའི་ཁྲལ་འབོར་བརྩི་དགོས།

དོན་ཚན་ཉེར་གཅིག་པ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བདུན་པའི་ནང་བསྟན་པའི་མངའ་ཁོངས་ཕྱི་ནས་བཅལ་པའི་མི་སྒེར་གྱི་ཐོབ་ཁྲལ་གྱི་ཁྲལ་འབོར་ཅེས་པ་ནི། སྡོད་དམངས་མི་སྒེར་ལ་ཀྲུང་གོའི་མངའ་ཁོངས་ཕྱི་ནས་ཐོབ་པའི་ཐོབ་ཆ་དེར། ཐོབ་ཆ་ཡོང་ཁུངས་ཀྱི་རྒྱལ་ཁབ་(ས་ཁུལ)ཀྱི་བཅའ་ཁྲིམས་ལྟར་གཞལ་དགོས་པར་མ་ཟད་དོན་དངོས་སུ་བཅལ་པའི་ཐོབ་ཁྲལ་གྱི་ཁྲལ་འབོར་ལ་ཟེར།

མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བདུན་པའི་ནང་བསྟན་པའི་ཁྲལ་འཇལ་མཁན་གྱི་མངའ་ཁོངས་ཕྱིའི་ཐོབ་ཆ་དེར་བྱེད་ཐབས་འདིའི་གཏན་འབེབས་ལྟར་བརྩིས་པའི་གཞལ་དགོས་པའི་ཁྲལ་འབོར་ནི། སྡོད་དམངས་མི་སྒེར་གྱིས་མངའ་ཁོངས་ཕྱི་ནས་བཅལ་པའི་ཕྱོགས་བསྡུས་ཐོབ་ཆ་དང་གཉེར་སྐྱོང་ཐོབ་ཆ། དེ་མིན་ཐོབ་ཆ་གཞན་དག་གི་ཐོབ་ཁྲལ་གྱི་ཁྲལ་འབོར་འཕྲི་གཅོག་བྱེད་པའི་བཅད་གྲངས(གཤམ་དུ་འཕྲི་གཅོག་བཅད་གྲངས་ཞེས་བསྡུ་རྒྱུ།)ལ་ཟེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་དང་ཁྲལ་དོན་གཙོ་གཉེར་སྡེ་ཁག་གིས་ཟུར་དུ་གཏན་ཁེལ་བྱས་ཡོད་པ་ཕུད། ཀྲུང་གོའི་མངའ་ཁོངས་ཕྱིའི་རྒྱལ་ཁབ་(ས་ཁུལ)གཅིག་ནས་ཐོབ་པའི་ཕྱོགས་བསྡུས་ཐོབ་ཆའི་འཕྲི་གཅོག་བཅད་གྲངས་དང་གཉེར་སྐྱོང་ཐོབ་ཆའི་འཕྲི་གཅོག་བཅད་གྲངས། དེ་མིན་ཐོབ་ཆ་གཞན་དག་གི་འཕྲི་གཅོག་བཅད་གྲངས་བཅས་ཀྱི་བསྡོམས་གྲངས་ནི་རྒྱལ་ཁབ་(ས་ཁུལ)དེ་ལས་ཐོབ་པའི་ཐོབ་ཆའི་འཕྲི་གཅོག་བཅད་གྲངས་ཡིན།

སྡོད་དམངས་མི་སྒེར་གྱིས་ཀྲུང་གོའི་མངའ་ཁོངས་ཕྱིའི་རྒྱལ་ཁབ(ས་ཁུལ)གཅིག་ཏུ་དོན་དངོས་སུ་བཅལ་པའི་མི་སྒེར་གྱི་ཐོབ་ཁྲལ་གྱི་ཁྲལ་འབོར་དེ་གོང་གསལ་དོན་ཚན་གྱི་གཏན་འབེབས་ལྟར་བརྩིས་པའི་རྒྱལ་ཁབ(ས་ཁུལ)དེ་ལས་ཐོབ་པའི་ཐོབ་ཆའི་འཕྲི་གཅོག་བཅད་གྲངས་ལས་དམའ་ན། ཀྲུང་གོ་རུ་ཆད་གྲངས་ཁག་གི་ཁྲལ་དངུལ་གཞལ་དགོས་པ་དང་། རྒྱལ་ཁབ(ས་ཁུལ)དེ་ལས་ཐོབ་པའི་ཐོབ་ཆའི་འཕྲི་གཅོག་བཅད་གྲངས་ལས་བརྒལ་ན། བརྒལ་བའི་ཁག་དེ་ཁྲལ་འཇལ་ལོ་འཁོར་དེའི་གཞལ་དགོས་པའི་ཁྲལ་འབོར་ལས་འཕྲི་གཅོག་བྱེད་མི་ཆོག་མོད། ཕྱིན་ཆད་ཀྱི་ཁྲལ་འཇལ་ལོ་འཁོར་ནང་རྒྱལ་ཁབ(ས་ཁུལ)དེ་ལས་ཐོབ་པའི་ཐོབ་ཆའི་འཕྲི་གཅོག་བཅད་གྲངས་ཀྱི་ལྷག་གྲངས་ནས་གསབ་འཐེན་བྱེད་ཆོག གསབ་འཐེན་གྱི་དུས་བཅད་ཆེས་རིང་ན་ཡང་ལོ་ལྔ་ལས་བརྒལ་མི་རུང་།

དོན་ཚན་ཉེར་གཉིས་པ། སྡོད་དམངས་མི་སྒེར་གྱིས་མངའ་ཁོངས་ཕྱི་ནས་བཅལ་པའི་མི་སྒེར་གྱི་ཐོབ་ཁྲལ་གྱི་ཁྲལ་འབོར་འཕྲི་གཅོག་བྱ་རྒྱུའི་རེ་འདུན་ཞུ་ན། མངའ་ཁོངས་ཕྱིའི་ཁྲལ་དོན་ལས་ཁུངས་ཀྱིས་བཏོན་པའི་ཁྲལ་དངུལ་འཇལ་བའི་ལོ་འཁོར་དེའི་འབྲེལ་ཡོད་ཁྲལ་འཇལ་འཛིན་ཡིག་འདོན་སྤྲོད་བྱ་དགོས།

དོན་ཚན་ཉེར་གསུམ་པ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱད་པའི་ནང་ཚན་གཉིས་པའི་ནང་གཏན་འབེབས་བྱས་པའི་སྐྱེད་ཀ་དེ། ཁྲལ་དངུལ་འཇལ་བར་སྙན་སེང་ཞུ་བའི་དུས་སྐབས་ནང་གི་ཆེས་མཐའ་མཇུག་གི་ཉིན་མོར་ཀྲུང་གོའི་མི་དམངས་དངུལ་ཁང་གིས་ཁྱབ་སྒྲོག་བྱས་པའི་དཔྱ་ཁྲལ་གསབ་འཇལ་དུས་སྐབས་དང་མཉམ་པའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་གྱི་གཞི་རྩའི་སྐྱེད་ཀའི་ཚད་ལྟར་བརྩིས་ཏེ། ཁྲལ་དངུལ་འཇལ་བའི་སྙན་ཞུའི་དུས་ཡུན་ལོངས་པའི་ཕྱི་ཉིན་ནས་ཁྲལ་དངུལ་གསབ་འཇལ་དུས་བཅད་ལོངས་པའི་ཉིན་བར་དུ་ཉི་མ་རེར་སྣོན་བསྡུ་བྱ་དགོས། ཁྲལ་འཇལ་མཁན་གྱིས་ཁྲལ་དངུལ་གསབ་འཇལ་དུས་བཅད་མ་ལོངས་པའི་སྔོན་ལ་ཁྲལ་དངུལ་གསབ་སྤྲོད་བྱས་ན། ཁྲལ་དངུལ་གསབ་སྤྲོད་བྱས་པའི་ཉིན་བར་དུ་སྐྱེད་ཀ་སྣོན་བསྡུ་བྱ་དགོས།

དོན་ཚན་ཉེར་བཞི་བ། འཐེན་འཇལ་འགན་བབས་མི་སྣས་མི་སྒེར་ལ་གཞལ་དགོས་པའི་ཁྲལ་དངུལ་གཏོང་སྤྲོད་བྱེད་སྐབས། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་གཏན་ཕབ་ལྟར་ཁྲལ་དངུལ་སྔ་འཐེན་ནམ་ཚབ་འཐེན་བྱས་ཏེ་དུས་ལྟར་མཛོད་དུ་སྤྲད་དགོས་པར་མ་ཟད། ཆེད་དོན་ཟིན་ཐོར་བཀོད་ནས་དཔྱད་གཞིར་འཇོག་དགོས།

གོང་གསལ་དོན་ཚན་ནང་བསྟན་པའི་གཏོང་སྤྲོད་ལ་དངུལ་སྨར་གཏོང་སྤྲོད་དང་ཁྲལ་དངུལ་སྐུར་སྤྲོད། རྩིས་ཁོངས་བསྒྱུར་ནས་གཏོང་སྤྲོད། རིན་ལྡན་དངུལ་འཛིན་དང་དངོས་པོ་དང་དེ་མིན་རྣམ་པ་གཞན་དག་གི་གཏོང་སྤྲོད་བཅས་འདུ།

དོན་ཚན་ཉེར་ལྔ་བ། ཕྱོགས་བསྡུས་ཐོབ་ཆ་ཐོབ་སྟེ་བསྡོམས་རྩིས་གཙང་སྤྲོད་བྱ་དགོས་པའི་གནས་ཚུལ་ལ།

(གཅིག)ཕྱོགས་གཉིས་ཡན་ནས་ཕྱོགས་བསྡུས་ཐོབ་ཆ་ཐོབ་པར་མ་ཟད། ལོ་རེའི་ཕྱོགས་བསྡུས་ཐོབ་ཆའི་ཡོང་སྒོ་ལས་ཆེད་དོན་འཐེན་འཕྲི་འཐེན་པའི་ལྷག་འཕྲོ་སྒོར་ཁྲི6ལས་བརྒལ་བ།

(གཉིས།)ངལ་ལས་གླ་ཆའི་ཐོབ་ཆ་དང་རྩོམ་ཡོན་ཐོབ་ཆ། དམིགས་འཁྲོལ་དབང་ཆ་སྤྱོད་ཡོན་བཅས་ལས་ཐོབ་པའི་ཐོབ་ཆ་ལས་རྣམ་གྲངས་གཅིག་གམ་རྣམ་གྲངས་དུ་མའི་ཐོབ་ཆ་ཐོབ་པ་མ་ཟད། ལོ་རེའི་ཕྱོགས་བསྡུས་ཐོབ་ཆའི་ཡོང་སྒོ་ལས་ཆེད་དོན་འཐེན་འཕྲི་འཐེན་པའི་ལྷག་འཕྲོ་སྒོར་ཁྲི6ལས་བརྒལ་བ།

(གསུམ།)ཁྲལ་འཇལ་ལོ་འཁོར་ནང་སྔ་འཇལ་བྱས་པའི་ཁྲལ་འབོར་དེ་གཞལ་དགོས་པའི་ཁྲལ་འབོར་ལས་ཉུང་བ།

(བཞི།)ཁྲལ་འཇལ་མཁན་གྱིས་ཁྲལ་སློག་པར་རེ་འདུན་ཞུ་བ་བཅས་འདུའོ། །

ཁྲལ་འཇལ་མཁན་གྱིས་ཁྲལ་སློག་པར་རེ་འདུན་ཞུ་བར། ཀྲུང་གོའི་མངའ་ཁོངས་སུ་བཙུགས་པའི་དངུལ་ཁང་གི་ཐོ་ཁུངས་འདོན་སྤྲོད་བྱ་དགོས་པར་མ་ཟད། བསྡོམས་རྩིས་གཙང་སྤྲོད་བྱེད་སའི་ས་གནས་དེ་རུ་ཁྲལ་དངུལ་ཕྱིར་སློག་གི་འགྲོ་ལུགས་བསྒྲུབ་དགོས།

བསྡོམས་རྩིས་གཙང་སྤྲོད་བྱེད་ཐབས་ཞིབ་ཕྲ་ནི་རྒྱལ་སྲིད་སྤྱི་ཁབ་ཁང་གི་ཁྲལ་དོན་གཙོ་གཉེར་སྡེ་ཁག་གིས་གཏན་འབེབས་བྱ་དགོས།

དོན་ཚན་ཉེར་དྲུག་པ། མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བའི་ནང་ཚན་གཉིས་པའི་ནང་བསྟན་པའི་མི་སྒེར་གྱི་ཁྲལ་དངུལ་ཚང་མ་འཐེན་འཇལ་གྱི་སྙན་ཞུ་ཞེས་པ་ནི། འཐེན་འཇལ་འགན་བབས་མི་སྣས་ཁྲལ་དངུལ་ཚབ་འཐེན་བྱས་པའི་ཟླ་རྗེས་མའི་ཉིན་བཅོ་ལྔའི་ནང་དུ་ཁྲལ་དོན་གཙོ་གཉེར་ལས་ཁུངས་ལ་དེའི་གཏོང་སྤྲོད་བྱས་ནས་ཐོབ་པའི་མི་སྒེར་གྱི་འབྲེལ་ཡོད་ཆ་འཕྲིན་ཡོངས་དང་། གཏོང་སྤྲོད་བྱས་པ་ལས་ཐོབ་པའི་གྲངས་འབོར། འཐེན་འཕྲིའི་དོན་ཚན་དང་གྲངས་འབོར། འཐེན་འཕྲིའི་ཁྲལ་དངུལ་གྱི་བྱེ་བྲག་གི་གྲངས་འབོར་དང་བསྡོམས་འབོར། དེ་མིན་དཔྱ་ཁྲལ་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་རྒྱུ་ཆ་སོགས་འབུལ་དགོས།

དོན་ཚན་ཉེར་བདུན་པ། ཁྲལ་འཇལ་མཁན་གྱིས་ཁྲལ་འཇལ་རེ་འདུན་ཞུ་སའི་ས་གནས་དང་། འབྲེལ་ཡོད་དོན་ཚན་གཞན་དག་གི་བྱེད་ཐབས་ཞིབ་ཕྲ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲལ་དོན་གཙོ་གཉེར་སྡེ་ཁག་གིས་གཏན་འབེབས་བྱ་དགོས།

དོན་ཚན་ཉེར་བརྒྱད་པ། སྡོད་དམངས་མི་སྒེར་ལ་གླ་ཆ་དང་ཕོགས་དངུལ་གྱི་ཐོབ་ཆ་ཐོབ་དུས། འཐེན་འཇལ་འགན་བབས་མི་སྣ་ལ་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་འབྲེལ་ཡོད་ཆ་འཕྲིན་འདོན་སྤྲོད་བྱས་ནས། འཐེན་འཇལ་འགན་བབས་མི་སྣས་ཁྲལ་དངུལ་འཐེན་འཇལ་བྱེད་སྐབས་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་རྣམ་གྲངས་འཐེན་ཆོག ཁྲལ་འཇལ་མཁན་ལ་དུས་གཅིག་གི་ནང་དུ་ཕྱོགས་གཉིས་ཡན་ནས་གླ་ཆ་དང་ཕོགས་དངུལ་གྱི་ཐོབ་ཆ་ཐོབ་པར་མ་ཟད། འཐེན་འཇལ་འགན་བབས་མི་སྣས་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་རྣམ་གྲངས་འཐེན་ན། ཆེད་དོན་ཟུར་སྣོན་འཐེན་འཕྲིའི་རྣམ་གྲངས་རིགས་གཅིག་ལ་ཁྲལ་འཇལ་ལོ་འཁོར་གཅིག་གི་ནང་དུ་ཕྱོགས་གཅིག་ཁོ་ན་ནས་ཐོབ་པའི་ཐོབ་ཆ་ལས་འཐེན་དགོས།

སྡོད་དམངས་མི་སྒེར་གྱི་ངལ་ལས་གླ་ཆའི་ཐོབ་ཆ་དང་། རྩོམ་ཡོན་ཐོབ་ཆ། དམིགས་འཁྲོལ་དབང་ཆ་སྤྱོད་ཡོན་གྱི་ཐོབ་ཆ་བཅས་ཐོབ་ནས་བསྡོམས་རྩིས་གཙང་སྤྲོད་བྱེད་སྐབས། ཁྲལ་དོན་ལས་ཁུངས་ལ་འབྲེལ་ཡོད་ཆ་འཕྲིན་འདོན་སྤྲོད་བྱས་ནས་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་རྣམ་གྲངས་འཐེན་དགོས།

དོན་ཚན་ཉེར་དགུ་བ། ཁྲལ་འཇལ་མཁན་གྱིས་འཐེན་འཇལ་འགན་བབས་མི་སྣའམ་སྡེ་ཚན་དང་མི་སྒེར་གཞན་པར་མངག་བཅོལ་བྱས་ནས་བསྡོམས་རྩིས་གཙང་སྤྲོད་ཀྱི་འགྲོ་ལུགས་བསྒྲུབ་ཆོག

དོན་ཚན་སུམ་ཅུ་བ། འཐེན་འཇལ་འགན་བབས་མི་སྣས་ཁྲལ་འཇལ་མཁན་གྱིས་འདོན་སྤྲོད་བྱས་པའི་ཆ་འཕྲིན་ལྟར་རྩིས་བརྒྱབ་ནས་འཐེན་འཇལ་སྙན་ཞུའི་འགྲོ་ལུགས་བསྒྲུབ་དགོས་པ་ལས་ཁྲལ་འཇལ་མཁན་གྱིས་འདོན་སྤྲོད་བྱས་པའི་ཆ་འཕྲིན་རང་དགར་བཟོ་བཅོས་བྱེད་མི་ཆོག

ཁྲལ་འཇལ་མཁན་གྱིས་འཐེན་འཇལ་འགན་བབས་མི་སྣས་འདོན་སྤྲོད་དམ་འཐེན་འཇལ་རེ་ཞུ་ཕུལ་བའི་མི་སྒེར་གྱི་ཆ་འཕྲིན་དང་ཐོབ་ཆ། འཐེན་འཇལ་ཁྲལ་དངུལ་སོགས་ཀྱི་གནས་ཚུལ་དངོས་དང་མི་མཐུན་པ་ཤེས་ཚེ། འཐེན་འཇལ་འགན་བབས་མི་སྣར་བཟོ་བཅོས་བྱ་དགོས་པའི་རེ་བ་འདོན་ཆོག འཐེན་འཇལ་འགན་བབས་མི་སྣས་བཟོ་བཅོས་བྱ་རྒྱུ་དང་ལེན་མ་བྱས་ཚེ། ཁྲལ་འཇལ་མཁན་གྱིས་ཁྲལ་དོན་ལས་ཁུངས་ལ་ཞུ་འབུལ་བྱ་དགོས་པ་དང་། ཁྲལ་དོན་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཐག་གཅད་དགོས།

ཁྲལ་འཇལ་མཁན་དང་འཐེན་འཇལ་འགན་བབས་མི་སྣས་གཏན་ཕབ་ལྟར་ཆེད་དོན་ཟུར་སྣོན་འཐེན་འཕྲི་དང་འབྲེལ་བའི་རྒྱུ་ཆ་ཉར་ཚགས་བྱ་དགོས། ཁྲལ་དོན་ལས་ཁུངས་ཀྱིས་ཁྲལ་འཇལ་མཁན་གྱིས་འདོན་སྤྲོད་བྱས་པའི་ཆེད་དོན་ཟུར་སྣོན་འཐེན་འཕྲིའི་ཆ་འཕྲིན་ལ་ཟུར་བཤེར་བྱེད་ཆོག་ལ། བྱེ་བྲག་གི་བྱེད་ཐབས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲལ་དོན་གཙོ་གཉེར་སྡེ་ཁག་གིས་ཟུར་དུ་གཏན་འབེབས་བྱ་དགོས། ཁྲལ་འཇལ་མཁན་གྱིས་ཆ་འཕྲིན་རྫུན་མ་འདོན་སྤྲོད་བྱས་པ་ཁྲལ་དོན་ལས་ཁུངས་ཀྱིས་ཤེས་ཚེ། བཟོ་བཅོས་བྱ་དགོས་པའི་འགན་དཀྲི་དགོས་པར་མ་ཟད་འཐེན་འཇལ་འགན་བབས་མི་སྣར་བརྡ་ཐོ་གཏང་དགོས་པ་དང་། གནས་ཚུལ་ཚབས་ཆེ་ན། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅད་དགོས་ལ། ཡིད་རྟོན་ཆ་འཕྲིན་མ་ལག་ཏུ་བཅུག་ནས་མཉམ་འབྲེལ་གྱིས་ཆད་པ་བཅད་དེ་གཅུན་འདོམས་བྱ་དགོས།

དོན་ཚན་སོ་གཅིག་པ། ཁྲལ་འཇལ་མཁན་གྱིས་ཁྲལ་སློག་རེ་འདུན་ཞུ་སྐབས་འདོན་སྤྲོད་བྱས་པའི་བསྡོམས་རྩིས་གཙང་སྤྲོད་ཀྱི་ཆ་འཕྲིན་ལ་ནོར་འཁྲུལ་ཡོད་ཚེ། ཁྲལ་དོན་ལས་ཁུངས་ཀྱིས་དེར་བཟོ་བཅོས་བྱ་དགོས་ཚུལ་བཤད་དགོས་པ་དང་། ཁྲལ་འཇལ་མཁན་གྱིས་བཟོ་བཅོས་བྱས་ན། ཁྲལ་དོན་ལས་ཁུངས་ཀྱིས་དུས་ཐོག་ཏུ་ཁྲལ་སློག་འགྲོ་ལུགས་བསྒྲུབ་དགོས།

འཐེན་འཇལ་འགན་བབས་མི་སྣས་འཐེན་འཇལ་བྱས་པའི་ཁྲལ་དངུལ་རྒྱལ་མཛོད་དུ་མ་བཅུག་ཀྱང་། ཁྲལ་འཇལ་མཁན་གྱིས་གཏན་འབེབས་ལྟར་ཁྲལ་སློག་རེ་འདུན་ཞུ་བར་ཤུགས་རྐྱེན་མི་བཟོ་བ་དང་། ཁྲལ་དོན་ལས་ཁུངས་ཀྱིས་ཁྲལ་འཇལ་མཁན་གྱིས་འདོན་སྤྲོད་བྱས་པའི་འབྲེལ་ཡོད་རྒྱུ་ཆར་གཞིགས་ནས་ཁྲལ་སློག་འགྲོ་ལུགས་བསྒྲུབ་དགོས།

དོན་ཚན་སོ་གཉིས་པ། ཐོབ་ཆ་ནི་མི་དམངས་ཤོག་སྒོར་ལས་གཞན་པའི་དངུལ་ལོར་ ཡིན་ཚེ། ཁྲལ་འཇལ་རེ་ཞུའམ་འཐེན་འཇལ་རེ་ཞུ་ཕུལ་བའི་ཟླ་བ་སྔོན་མའི་མཐའ་མཇུག་གི་ཉིན་མོའི་མི་དམངས་ཤོག་སྒོར་གྱི་འཛའ་ཐང་གི་རིན་གོང་བར་མ་ལྟར་མི་དམངས་ཤོག་སྒོར་ལ་ཕབ་རྩིས་བརྒྱབ་སྟེ་ཁྲལ་གཞལ་དགོས་པའི་ཐོབ་འབོར་བརྩི་དགོས། ལོ་འཁོར་རྫོགས་རྗེས་བསྡོམས་རྩིས་གཙང་སྤྲོད་གྱི་འགྲོ་ལུགས་བསྒྲུབ་པར། ཟླ་བ་དང་དུས་ཚིགས་སམ་ཐེངས་གྲངས་ལྟར་ཁྲལ་དངུལ་སྔ་འཇལ་བྱས་ཟིན་པའི་མི་དམངས་ཤོག་སྒོར་ལས་གཞན་པའི་དངུལ་ལོར་དེར་ཡང་བསྐྱར་ཕབ་རྩིས་བརྒྱག་མི་དགོས། ཁྲལ་དངུལ་གསབ་འཇལ་བྱ་དགོས་པའི་ཐོབ་ཆ་ཁག་དེ་ཁྲལ་འཇལ་ལོ་འཁོར་སྔོན་མའི་ཆེས་མཐའ་འཇུག་གི་ཉིན་མོའི་མི་དམངས་ཤོག་སྒོར་གྱི་འཛའ་ཐང་གི་རིན་གོང་བར་མ་ལྟར་མི་དམངས་ཤོག་སྒོར་ལ་ཕབ་རྩིས་བརྒྱབ་ནས་ཁྲལ་གཞལ་དགོས་པའི་ཐོབ་འབོར་བརྩི་དགོས།

དོན་ཚན་སོ་གསུམ་པ། ཁྲལ་དོན་ལས་ཁུངས་ཀྱིས་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པ་ལས་གཏན་ལ་ཕབ་པ་ལྟར་འཐེན་འཇལ་འགན་བབས་མི་སྣར་འགྲོ་ལུགས་འགྲིམ་དངུལ་སྤྲོད་པར་སློག་སྤྲོད་ཡི་གེ་སྐོང་འབྲི་བྱ་དགོས། འཐེན་འཇལ་འགན་བབས་མི་སྣས་སློག་སྤྲོད་ཡི་གེར་བརྟེན་ནས་རྒྱལ་མཛོད་དོ་དམ་གྱི་འབྲེལ་ཡོད་གཏན་ཕབ་ལྟར་རྒྱལ་མཛོད་ལས་སློག་པའི་འགྲོ་ལུགས་བསྒྲུབ་དགོས།

དོན་ཚན་སོ་བཞི་བ། མི་སྒེར་གྱི་ཐོབ་ཁྲལ་འཇལ་བའི་རེ་ཞུའི་རེའུ་མིག་དང་མི་སྒེར་གྱི་ཐོབ་ཁྲལ་འཐེན་འཇལ་སྙན་ཞུའི་རེའུ་མིག མི་སྒེར་གྱི་ཐོབ་ཁྲལ་བཅལ་པའི་དཔང་ཡིག་བཅས་ཀྱི་མ་དཔེ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲལ་དོན་གཙོ་གཉེར་སྡེ་ཁག་གིས་གཅིག་གྱུར་གྱིས་གཏན་འབེབས་བྱ་དགོས།

དོན་ཚན་སོ་ལྔ་བ། དམག་མི་མི་སྒེར་གྱི་ཐོབ་ཁྲལ་བསྡུ་བའི་དོན་དག་དེ་འབྲེལ་ཡོད་གཏན་ཕབ་ལྟར་ལག་བསྟར་བྱ་དགོས།

དོན་ཚན་སོ་དྲུག་པ། སྲོལ་ཡིག་འདི2019ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་དགོས།