མཚོ་སྔོན་ཞིང་ཆེན་གྱི་ཞིང་གྲོང་ཡུལ་སྐོར་སྣེ་ལེན་བྱེད་ས153གྱི་སྒོ་བྱང་བླངས་པ།

རང་རེའི་ཞིང་ཆེན་གྱི་ཞིང་གྲོང་ཡུལ་སྐོར་གྱི་ཁོར་ཡུག་སྔར་ལས་ལྷག་པ་ཞིག་བསྐྲུན་ཆེད། ཉེ་ལམ་རང་རེའི་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཞིང་གྲོང་ཡུལ་སྐོར་དག་ཐེར་གྱི་བྱེད་སྒོ་སྤེལ་ཏེ། སྐར་རིམ་བཞི་ཅན་གྱི་ཞིང་གྲོང་ཡུལ་སྐོར་སྣེ་ལེན་བྱེད་ས153གྱི་སྣེ་ལེན་ཐོབ་ཐང་མེད་པར་བཟོས་འདུག

ཤེས་གསལ་ལྟར་ན། ཐེངས་དེའི་དག་ཐེར་ནི《མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་འབྲེལ་ཡོད་ཞིང་གྲོང་ཡུལ་སྐོར་ལ་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ》ཡི་བླང་བྱ་དང་། 《མཚོ་སྔོན་ཞིང་ཆེན་ཞིང་གྲོང་ཡུལ་སྐོར་གནས་ཀྱི་སྤུས་རིམ་དཔྱད་འབེབས་དང་དོ་དམ་བྱེད་ཐབས》ཀྱི་གཏན་འབེབས་གཞིར་བཟུང་སྟེ། ས་གནས་ཁག་གི་ཞིང་གྲོང་ཡུལ་སྐོར་ལས་རིགས་ཀྱི་དོ་དམ་སྡེ་ཚན་གྱིས་སྡོམ་རྩིས་ཡར་ཞུ་བྱས་པའི་གནས་ཚུལ་དང་ཞིང་ཆེན་ཞིང་གྲོང་ཡུལ་སྐོར་གྱི་རིམ་པ་དཔྱད་འབེབས་ཨུ་ལྷན་གྱིས་ལྐོག་འདྲི་རྩད་བཤེར་གྱི་མཇུག་འབྲས་ལ་ཟུང་དུ་སྦྲེལ་ནས་ཡུལ་སྐོར་སྐུ་མགྲོན་སྣེ་ལེན་ནུས་པ་ཞན་ལ། 《མཚོ་སྔོན་ཞིང་ཆེན་གྱི་སྐར་རིམ་ཅན་གྱི་ཞིང་གྲོང་ཡུལ་སྐོར་སྣེ་ལེན་བྱེད་ས(དུད་ཚང)དབྱེ་འབྱེད་དང་དཔྱད་འབེབས》ཀྱི་འབྲེལ་ཡོད་ཚད་གཞི་དང་མི་ལྡན་པ། ཡང་ན་བཙོག་འབུད་ཚད་གཞི་མི་ལོངས་པ། གཉེར་སྐྱོང་བྱ་གཞི་གཙོ་བོ་གང་བྱུང་དུ་བཅོས་སྒྱུར་བྱེད་པ། རང་བདག་ནས་སྒོ་བརྒྱབ་པ། ཁང་པ་བཤིག་སྤོ་ལ་སོགས་རྒྱུ་རྐྱེན་དུ་མར་དམིགས་ནས་སྤེལ་བ་ཞིག་རེད་ལ། ད་ཆ་ཧུའེ་ཐིན་སྣོད་བཅུད་གླིང་དང་། རབ་མཛེས་གཞིས་ཁྱིམ། ལུང་ཡུན་རི་གྲོང་། མེ་ཏོག་གི་ཞིང་མཆོག་སྣོད་བཅུད་གླིང་སོགས་སྐར་རིམ་བཞི་ཅན་གྱི་ཞིང་གྲོང་ཡུལ་སྐོར་སྣེ་ལེན་བྱེད་གནས153གྱི་ཐོབ་ཐང་མེད་པར་བཟོས་པ་རེད།

ཉེ་བའི་ལོ་རིང་ལ་རང་རེའི་ཞིང་ཆེན་གྱིས་ས་གནས་རང་གི་རང་བྱུང་དང་ལོ་རྒྱུས། དམངས་སྲོལ་སོགས་ནང་དོན་ཕུན་སུམ་ཚོགས་པ་སྔོག་འདོན་བྱས་ཏེ། ས་བབ་དང་བསྟུན་པའི་ཡུལ་སྐོར་གོང་དུ་སྤེལ་ཞིང་། སྣོད་བཅུད་སྤྲོ་གསེང་དང་། ལྗོངས་རྒྱུ་ལྟ་སྐོར། ཁམས་གསོ་ཁམས་གཡེང་། གསར་གཏོདཅན་གྱི་ཞིང་ལས། རྨོ་འདེབས་མྱོང་རོལ། ཞིང་གྲོང་གི་ལག་ཤེས་བཟོ་རྩལ་ལ་སོགས་ཕྱོགས་བསྡུས་ཅན་གྱི་ཞིང་གྲོང་ཡུལ་སྐོར་གྱི་ལས་གཞི་མང་པོ་གོང་དུ་སྤེལ་ནས་ཞིང་གྲོང་ཡུལ་སྐོར་ཇེ་རྒྱས་ཇེ་ལེགས་སུ་བཏང་། ད་སྔ་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་གོང་སྤེལ་ཆེད་སྤྱོད་མ་དངུལ་གྱི་ནང་ནས་ཞིང་གྲོང་གི་ཡུལ་སྐོར་དབུལ་སྐྱོར་ཐད་ལ་སྒོར་ཁྲི2710བཀོད་སྒྲིག་བརྒྱབ་ཡོད་ཅིང་། དེ་ཡང་ཞིང་གྲོང་ཡུལ་སྐོར་གྱི་སྣེ་ལེན་བྱེད་ས3241ལ་ཟིན་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།