མཚོ་སྔོན་གྱི་རྨོ་ཞིང་གི་སྲུང་སྐྱོབ་ཚད་མུའུ་ཁྲི831ལ་བསླེབས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་ནས་རྒྱུས་ལོན་པ་ལྟར་ན། མང་ཚོགས་ཀྱི་རྨོ་ཞིང་ལ་ནུས་ལྡན་སྒོས་སྲུང་སྐྱོབ་བྱ་ཆེད། ཞིང་ཆེན་ཡོངས་ཀྱིས་རྨོ་ཞིང་གི“ཕྱོགས་གསུམ་གཞི་གཅིག”སྲུང་སྐྱོབ་བྱ་བར་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ། རྨོ་ཞིང་མུའུ་ཁྲི831དང་གཞི་རྩའི་ཞིང་ས་མུའུ་ཁྲི666གི་གྲངས་ཀ་ཇེ་ཉུང་དང་སྤུས་ཚད་ཇེ་ཞན་དུ་མི་འགྲོ་བར་འགན་ལེན་བྱས་པ་རེད།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་བཏོན་པའི《རྨོ་ཞིང་སྲུང་སྐྱོབ་ལ་ཤུགས་སྣོན་དང་ཁ་གསབ་དོ་མཉམ་ལེགས་བཅོས་བྱེད་པའི་ཐད་ཀྱི་ལག་བསྟར་བསམ་འཆར》གཞིར་བཟུང་སྟེ། རང་ཞིང་གིས་རང་འགུལ་སྒོས་ཁ་གསབ་དང་ས་ཆ་གཞན་ནས་ཁ་གསབ་བྱེད་པ། དམིགས་ཚད་ཉོ་ཚོང་སོགས་ཀྱི་བྱེད་སྟངས་སྤྱད་ནས་རྨོ་ཞིང་གི་སྲུང་སྐྱོབ་དང་ཁ་གསབ་དོ་མཉམ་བྱ་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱས། རྨོ་ཞིང་གི“ཕྱོགས་གསུམ་གཞི་གཅིག”སྲུང་སྐྱོབ་བྱ་བར་མུ་མཐུད་དུ་ཤུགས་སྣོན་བྱས་ཏེ། ཞིང་ས་མིན་པའི་ས་ཁོངས་བདག་འཛིན་དང་ཞིང་སའི་སྤྱོད་སྒོ་སྒྱུར་པ་གཟབ་ནན་སྒོས་ཚོད་འཛིན། གཞི་རྩའི་ཞིང་སའི་སྲུང་སྐྱོབ་བྱ་བར་ཤུགས་སྣོན་བཅས་བྱས་ནས། 2018ལོའི་བར་དུ་ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་གི་སྲུང་སྐྱོབ་ཚད་མུའུ་ཁྲི831ལ་བསླེབས་ཤིང་། རྒྱལ་ཁབ་ཀྱིས་རང་ཞིང་གི“ལོ་ལྔའི་འཆར་གཞི་བཅུ་གསུམ”པའི་སྐབས་ཀྱི་རྨོ་ཞིང་སྲུང་སྐྱོབ་བྱ་བའི་དུས་རིམ་བར་མའི་ཞིབ་བཤེར་དང2019ལོའི་ཚུན་གྱི་རྨོ་ཞིང་གི་ཁ་གསབ་དོ་མཉམ་ལས་གཞིར་ཡུལ་དངོས་ནས་དཔྱད་ཞིབ་བྱས་པ་བདེ་བླག་ངང་གྲོས་འཆམ་བྱུང་བ་རེད།

རྨོ་ཞིང་གི་སྲུང་སྐྱོབ་ཚད་ལ་འགན་ལེན་བྱེད་པ་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱིས་སྐྱེ་ཁམས་རྒྱལ་སའི་འདུ་ཤེས་གཟབ་ནན་སྒོས་དོན་འཁྱོལ་བྱས་ཤིང་། ལས་གཞི་འབྲེལ་མཐུད་གྲོས་ཚོགས་བསྡུ་བ་དང་དཔྱད་ཞིབ་ལ་བཟོད་སྒོམ་མི་བྱེད་པ། ལྷད་མེད་བགྲོད་ལམ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཞིང་ཆེན་རིམ་པའི་འཛུགས་སྐྲུན་ལས་གཞིའི་ས་ཞིང་བསྡོམས་པའི་མུའུ་ཁྲི5.63ལེགས་འགྲུབ་བྱས་པ་དང་། སྤྱོད་ཆོག་པའི་ས་ཞིང་མུའུ་ཁྲི7.09ལ་ཆོག་མཐུས་ཐོབ་ཅིང་། བསྡོམས་པའི་ས་ཞིང་མུའུ་ཁྲི11.89མཁོ་འདོན་བྱས། ཚོང་འགྲིག་མ་དངུལ་སྒོར་དུང་ཕྱུར108.3མངོན་འགྱུར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ས་ཞིང་ལ་ཤུགས་ཆེན་པོས་འགན་ལེན་བྱས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།