རང་ཞིང་གི་མཁར་གྲོང་དང་ཞིང་སྡེའི་སྡོད་དམངས་སྨན་བཅོས་འགན་སྲུང་མ་དངུལ་ཚད་གཞི་ཇེ་མཐོར་བཏང་།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། མཁར་གྲོང་དང་ཞིང་སྡེའི་སྡོད་དམངས་སྨན་བཅོས་འགན་སྲུང་ལམ་ལུགས་སྔར་ལས་སྲ་བརྟན་དང་། སྲིད་གཞུང་དང་མི་སྒེར་གྱིས་ལུགས་མཐུན་སྒོས་འགན་བགོས་པའི་དངུལ་བསྡུའི་སྒྲིག་གཞི་མུ་མཐུད་དུ་འཐུས་ཚང་དུ་གཏང་ཆེད། དངུལ་རྩའི་རྒྱུན་མཐུད་འཁོར་སྐྱོད་ལ་སྐུལ་འདེད་བྱས་ཏེ། 2019ལོའི་ཟླ1ཚེས1ཉིན་བཟུང་ཞིང་ཆེན་ཡོངས་ཀྱི་མཁར་གྲོང་དང་ཞིང་སྡེའི་སྡོད་དམངས་སྨན་བཅོས་འགན་སྲུང་མ་དངུལ་ཚད་གཞི་ཇེ་མཐོར་བཏང་བ་རེད།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་དང་ཞིང་སྡེའི་སྡོད་དམངས་སྨན་བཅོས་འགན་སྲུང་མ་དངུལ་ཚད་གཞི་མི་རེར་ཆ་སྙོམས་སྒོས་སྒོར82ཀྱིས་ཇེ་མཐོར་བཏང་སྟེ། འགན་སྲུང་མ་དངུལ་ཚད་གཞི་སྒོར858ལ་བསླེབ་རྒྱུ་རེད། དེའི་ཁྲོད། ནོར་སྲིད་ཁ་གསབ་སྒོར30ཇེ་མཐོར་བཏང་སྟེ་མ་དངུལ་ཚད་གཞི་སྒོར596ལ་བསླེབ་རྒྱུ། མི་སྒེར་གྱི་གྲོན་དངུལ་སྤྲོད་ཚད་སྒོར52ཀྱིས་ཇེ་མཐོར་བཏང་སྟེ་མ་དངུལ་ཚད་གཞི་སྒོར262ལ་སླེབ་རྒྱུ་ཡིན་པས། ཐེངས་འདིའི་ཚད་གཞི་ལེགས་སྒྲིག་ཁྲོད་གསར་དུ་བསྣན་པའི་ནོར་སྲིད་ཁ་གསབ་ཕྱེད་ཀ་ནད་ལྕི་མོའི་སྨན་བཅོས་འགན་དངུལ་སྟེང་བཀོལ་རྒྱུ་ཡིན་ཞིང་། ནད་ལྕི་མོའི་སྨན་བཅོས་འགན་དངུལ་ཚད་གཞི་ད་སྔའི་སྒོར80ནས་སྒོར95ལ་ཇེ་མཐོར་གཏང་རྒྱུ་རེད།

ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་ཐེངས་འདིའི་ལེགས་སྒྲིག་བྱ་བ་ལེགས་པོར་བསྒྲུབས་ཏེ། “སྨན་བཅོས་འགན་སྲུང་དྲིལ་སྒྲོག་ཟླ་ངོ”བྱ་འགུལ་དང་ཟུང་འབྲེལ་སྒོས། འགན་ཞུགས་དངུལ་སྤྲོད་སྲིད་ཇུས་ཀྱི་དྲིལ་སྒྲོག་བྱ་བར་ཤུགས་བསྣན་ཏེ། ཚད་གཞི་ལེགས་སྒྲིག་སྲིད་ཇུས་དོན་འཁྱོལ་ཡོང་བར་འགན་ལེན་བྱ་རྒྱུ་རེད། རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་བྱེད་ཐབས་སྣ་ཚོགས་ཧུར་ཐག་སྒོས་སྤྱད་ནས་ཁ་གསབ་མ་དངུལ་སྤྲད་དེ། མཁར་གྲོང་དང་ཞིང་སྡེའི་སྡོད་དམངས་སྨན་བཅོས་འགན་སྲུང་གི་ཁ་གསབ་རྒྱུན་ལྡན་ལྟར་སྤྲོད་ཐུབ་པར་འགན་ལེན་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།