གསར་འགྱུར་ལོ་ཙྰའི་མིང་བརྡ་མཚོན་ཐབས་དང་འགན་འཁྲི་ཟུར་ཙམ་གླེང་བ།

ནང་དོན་གནད་བསྡུས།

སྤྱིར་གསར་འགྱུར་ནི་ནང་དོན་གནད་ལ་འཁེལ་ཞིང་ཚིག་བསྡུས་ཤིང་སྐྱུང་དགོས། གསར་འགྱུར་ལོ་ཙྰ་བྱེད་དུས་དོན་མཐུན་མཉམ་ཉིད་ཀྱི་མིང་དང་ཕྲད་སྦྱོར་མི་རུང་ལ། ཚིག་རིས་གནད་ལ་ཐིངས་ཤིང་དོན་ལ་འབྱོར་བ། བརྗོད་བདེ་བའི་སྒྱུར་ཐབས་དང་དེ་ཉིད་ཀྱི་མཚོན་ཐབས་ལ་མཉམ་འཇོག་དགོས་ཚུལ་དཔེའི་སྒོ་ནས་ཅུང་བསྟན་པ་དང་ལོ་ཙྰའི་འགན་འཁྲི་སྐོར་ཅུང་གླེང་བར་བྱས་ཡོད།

རྩ་བའི་མིང་ཚིག

གསར་འགྱུར་ལོ་ཙྰ། སྒྱུར་ཐབས། མཚོན་ཐབས། འགན་འཁྲི།

གླེང་གཞི།

དྲ་རྒྱའི་དུས་རབས་འདི་ལ་ངེད་ཅག་གི་འཚོ་བའི་ཁྲོད་མིང་བརྡ་གསར་བ་འདྲ་མིན་སྣ་ཚོགས་ཤིག་འབྱུང་བཞིན་ཡོད། དེ་དག་རེ་རེ་ལ་མིང་གདགས་རྒྱུ་ནི་ལོ་ཙྰ་བས་འགན་འཁུར་ཞིག་ཏུ་གྲུབ་ཡོད་ལ་དེང་རབས་དཔལ་ཡོན་འཛུགས་སྐྲུན་ཁྲོད་རང་ཅག་ལ་བཞག་པའི་འོས་འགན་ཞིག་ཀྱང་ཡིན། དེ་བཞིན་དུ་མིང་དུ་གདགས་པར་མ་མཛད་ན་འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར་ཟེར་བ་ལྟར་དུས་རབས་དང་མཐུན་པའི་ཡོ་ཆས་གསར་བ་དེ་དག་ལ་རང་ཅག་གིས་ཀྱང་དེར་མཐུན་བོད་རང་གི་སྐད་ལ་མཐུན་ཞིང་བརྡ་སྤྲོད་ཀྱི་ཆོས་ཉིད་དང་མི་འགལ་བ། ཀུན་མཐུན་གྱི་ཐ་སྙད་ཞིག་ཅིས་ཀྱང་གདགས་དགོས། ད་རེས་ཤན་སྦྱར་གྱི་མིང་མཛོད་དང་ས་ཁུལ་མི་རིགས་སྐད་ཡིག་བྱ་བ་ཨུ་ཡོན་ལྷན་ཁང་ནས་ཀྱང་ལོ་རེར་མིང་བརྡ་གསར་བ་གཅིག་གྱུར་བྱེད་བཞིན་ཡོད། དེའི་ནང་ཚན་རིག་ཤེས་བྱའི་སྐོར་དང་སྨན་གྱི་སྐོར། ཁྲིམས་ལུགས་ཀྱི་སྐོར། རྩོམ་རིག་གི་སྐོར། སློབ་གསོའི་སྐོར་བཅས་མང་པོ་ཡོད།དེ་དག་ལས་གསར་འགྱུར་ལོ་ཙྰ་ནི་དུས་ཡུན་ཐུང་ངུའི་ནང་ལྟ་མཁན་དག་གིས་སྤྱན་ལམ་མམ་རྣ་ལམ་དུ་འགྱུར་གྱི་མ་ཡིག་ལྟར་ཚིག་རིས་གསོན་ཉམས་ལྡན་ཞིང་གནད་ལ་ཁེལ་བ།ཚིག་ཉོག་མེད་པ།གོ་བདེ་བའི་ངང་མ་ཡིག་ཇི་བཞིན་དོན་གྱི་གནད་དེ་གཞན་ཕ་རོལ་པོར་གོ་བརྡ་འཕྲོད་དགོས། དེ་མིན་འགྱུར་ཡིག་བོད་སྐད་ཡིན་བཞིན་བོད་མི་རང་གིས་ཀྱང་ཚིག་ཉོག་དང་ཐ་སྙད་གསར་བའི་ཁྲོད་འཆད་བཞིན་པའི་དོན་དེ་གབ་ལན་འདེབས་པ་ལྟར་མུན་འཐོམ་ནས་ཡོད་ཚེ་ལོ་ཙྰ་བའི་སྐྱོན་དུ་འགྱུར།འདི་ལ་ཚིག་སྐྱོན་དང་དོན་སྐྱོན།ཡུལ་དུས་འགལ་བ་སོགས་ཀྱི་སྐྱོན་ཡོད་པས་གཤམ་ནས་རིམ་གྱིས་འཆད་པར་བྱ།

གཅིག གསར་འགྱུར་ལོ་ཙྰས་མ་ཡིག་གི་གོ་བ་བསྐྱེད་པ་དང་མཚོན་ཐབས།

གསར་འགྱུར་ལོ་ཙྰ་བྱེད་དུས་དང་པོ་མ་ཡིག་གོ་བ་བསྐྱེད་དགོས། དེ་ནས་འགྱུར་ཡིག་གི་མཚོན་ཐབས་ལ་བརྟེན་ནས་སྟོན་དགོས། གོ་བ་ལོན་ཡང་མཚོན་ཐབས་ཀྱི་ངོས་ནས་ནོར་འཁྲུལ་འབྱུང་བའང་ཡོད་པས་འདིར་དེའི་སྐོར་ཅུང་རགས་ཙམ་གླེང་བར་བྱ།སྤྱིར་གསར་འགྱུར་གྱི་མིང་བརྡ་ནི་ཐུན་མོང་དང་རྒྱུག་ཆེ་བའི་མིང་བརྡ་ཡིན་དགོས། གསར་འགྱུར་གྱི་ཆེས་ཆེ་བའི་རིན་ཐང་ནི་དུས་ཚོད་རང་བཞིན་དང་བདེན་སྟོབས་རང་བཞིན་ཡིན་པས་ལོ་ཙྰ་བྱེད་དུས་ཀྱང་དུས་ཚོད་དེའི་ནང་བྱུང་བའི་དོན་རྐྱེན་དང་སྒྲོག་སྤེལ་བྱེད་པའི་ཡིག་ཆའི་ནང་དོན་ཁ་གསལ་ཁུངས་དག་ཡིན་དགོས།དེ་མིན་ལོ་ཙྰ་བྱེད་མཁན་གྱིས་མ་ཡིག་ཇི་བཞིན་སྒྱུར་ན་ཉན་མཁན་དང་ཀློག་མཁན་རྨོངས་པར་བྱེད།དཔེར་ན། 五四运动提倡科学ལྟ་བུར་ལྔ་བཞི་འགུལ་སྤྱོད་ཀྱིས་ཚན་རིག་དར་སྤེལ་སྐུལ་འདེད་བྱེད་ཟེར་ན་སྤྱིར་དོན་ལ་མི་འགལ་མོད་ལས་འགུལ་ཟེར་ན་སྐབས་དེའི་གནས་བབ་དང་འཚམས། ཡང་ན། 居委会举办围棋运动ལྟ་བུར་མཚོན་ན། མིག་མངས་བྱ་འགུལ་ཟེར་བ་ལས། མིག་མངས་ལས་འགུལ་ཟེར་ན་མ་ཡིག་གི་དོན་གྱི་གོ་བ་མ་ལོན་པའི་རྟགས་སུ་འཁུམས། གཞན་མ་ཡིག་གི་བརྗོད་དོན་ལྟར་མིང་བརྡ་རེ་རེ་ཚིག་རིས་ཇི་བཞིན་ཐོན་དགོས། དཔེ་བཞག་ན保修དང包修གཉིས་ཀྱི་ཁྱད་པར་ཏེ་གཉིས་ཀར་ཞིག་གསོ་བྱས་པའི་དོན་ཡིན་མོད། འོན་ཀྱང་ཁྲིམས་ཀྱིས་ངོས་ནས་འདི་ལ་ཁྱད་པར་ཡོད། གཅིག་ནི་ཉམས་གསོ་དང་གཅིག་ཤས་ནི་འགན་སྲུང་ཉམས་གསོ་ཞེས་སྒྱུར་དགོས་པ་ལྟ་བུ། ལོ་ཙྰ་བས་སྐད་དོན་གྱི་ཐ་སྙད་གོ་བདེ་བ་སྤྱད་ནས་མང་ཚོགས་ལ་སྒྲོག་ཡིག་གི་ནང་དོན་གསལ་བར་གོ་རུ་འཇུག་དགོས། དེ་མིན་མ་ཡིག་དོན་ཐན་ཐུན་ངེས་ཀྱང་དོན་དེ་ཉིད་ལོ་ཙྰ་སྤྱད་ནས་ཕ་རོལ་པོར་གོ་བརྡ་སྤྲོད་དུས་ལོ་ཙྰའི་གཞུང་ལུགས་དང་ལག་ལེན་འགལ་བར་གྱུར། དེ་མིན་བརྗོད་བྱེད་དོན་གྱི་སྔ་གཞུག་ལ་གཞིགས་ནས་གསར་འགྱུར་ལོ་ཙྰའི་མིང་བརྡ་ལ་མཉམ་འཇོག་དགོས་པ། དཔེར་ན། རྙེད་དང་ཤེས། མཐོང་ལྟ་བུ། འགྱུར་གྱི་མ་ཡིག་ཁྲོད་ནས发现 གཅིག་པུས་འཐུས་པར་བྱས་ཡོད། འོན་ཀྱང་བོད་ཡིག་ཏུ་བསྒྱུར་སྐབས་བརྗོད་བྱའི་དོན་གྱི་སྔ་གཞུག་ལ་གཞིགས་ནས་བསྒྱུར་དགོས་དེ་མིན་ཚིག་སྐྱོན་དང་དོན་སྐྱོན་འབྱུང་ངེས། གལ་ཏེ་མ་ཡིག་དང་བསྟུན་ཅི་ཐུབ་བྱས་ན་བརྗོད་བྱའི་དོན་གྱི་ཆ་ནས་གོ་བབ་བག་ཙམ་ངེས་ཐུབ་ནའང་། ཚད་ལྡན་ལོ་ཙྰའི་བཏོན་པའི་བརྡ་སྤྲོད་འབྲེལ་ཆགས་པ་དང་ཚིག་གི་ཉམས་ཐོན་པའི་དགེ་མཚན་བོར་རྐྱེན་ལོ་ཙྰ་ཚད་ལྡན་དུ་མ་ཆགས་པ་ཡིན་པས་སྐྱོན་དུ་མཐོང་། དེའི་ཕྱིར་གསར་འགྱུར་ལོ་ཙྰ་བྱེད་དུས་རྒྱུན་སྤྱོད་ཀྱི་ཐ་སྙད་བཀོལ་སྤྱོད་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེ་བ་དང་། ལྷག་ཏུ་ཚིག་གི་སྔ་ཕྱིའི་བརྗོད་བྱའི་ཚིག་ལ་གཞིགས་ནས་དོན་གྱི་གོ་བ་བསྐྱེད་པ་གཙོ་གནད་ཡིན། དེ་མིན་མི་རིགས་གཞན་པའི་ཐ་སྙད་ཐད་བསྒྱུར་ལ་གཞོལ་བའི་སྐྱོན་ཏེ། བསམ་བློའི་གོ་བགོས་པ་ལ་ཀླད་པར་དྲག་ཆས་སྤྲས། ས་གཞིར་ཞེས་པར་ས་གཞིའི་སྟེང་དུ། ཡོ་ལང་ངམ་ཞོགས་ལངས་པ་ལ་ཚ་རླབས་རྒྱས།སེམས་ལྷོད་ལ་བབས་པའམ་བདེ་ལ་བབས་པ་ལ་སེམས་ཁམས་སྙོམས་སྒྲིག སེམས་ཁུར་རམ་སེམས་ཚེགས་ལ་སེམས་ཀྱི་མནོན་ཤུགས།ལྟ་བུ་དག་ནི་མ་ཡིག་གི་ལྟར་ཐད་སྒྱུར་གཞོལ་ཆེ་བས་རྒྱའི་སྐད་ཀྱི་ཁྱད་ཆོས་ལྡན་པ་ལས་བོད་ཀྱི་སྐད་ཀྱི་ཁྱད་ཆོས་མེད་པས་བོད་ཡིག་ནི་རྣམ་དབྱེ་དང་ཚིག་ཕྲད་རྐྱེན་ལས་དོན་སྟོན་པ་དང་། དེ་བས་ལོ་ཙྰ་བྱེད་དུས་རྒྱ་བོད་ཀྱི་ཚིག་གི་སྒྲིག་གཞིའི་ཁྱད་པར་ལ་ངེས་པར་དུ་མཉམ་འཇོག་དགོས། བཀླགས་ཚེ་བོད་ཡིག་བོད་སྐད་ཙམ་ཡིན་པ་དེ་རིགས་བོད་ཀྱི་སྐད་ལ་དབང་ཟ་བ་ནི་ད་ལྟ་ཡོངས་སུ་ཁྱབ་ཡོད་པས་ང་ཚོས་ངེས་པར་འཛེམ་དགོས་པ་ཞིག་རེད།

གཉིས། གསར་འགྱུར་ལོ་ཙྰའི་རྣམ་པ་དང་མཚོན་ཐབས།

ལོ་ཙྰ་བྱེད་དུས་བརྗོད་བྱའི་མཚོན་ཐབས་དང་རྣམ་པའི་ངོས་ནས་མ་ཡིག་གི་དོན་གྱི་དགོངས་པ་ངེས་དགོས། ཡང་ཅིག་བཤད་ན་འགྱུར་ཡིག་གི་བརྗོད་བྱའི་མཚོན་ཐབས་ལ་བརྟེན་ནས་དོན་གྱི་དགོངས་པ་ཆ་ཚང་པར་སྟོན་དགོས། ལོ་ཙྰའི་འོས་འགན་ནི་སྐད་ཆའི་མཚོན་ཐབས་བསྒྱུར་ཅིང་དོན་གྱི་དགོངས་པ་སོར་འཇོག་བྱེད་དགོས། ཀློག་མཁན་དང་(རྒྱང་སྒྲོག)ཉན་མཁན་གྱིས་འགྱུར་ཡིག་མཚོན་ཐབས་གྱི་རྣམ་པ་ལ་བརྟེན་ནས་དོན་གྱི་དགོངས་པ་དེ་མ་ཡིག་གི་དགོངས་པ་མཐུན་ཐབས་ཡོང་དགོས། དེ་ལྟ་མིན་པར་མ་ཡིག་གི་གོ་བ་ཐར་ཆགས་སུ་མ་ལོན་པར་བག་ཙམ་རེ་གོ་བ་དེ་ལ་ཚིག་རྒྱན་དང་ཉ་ཉོག་བསྲེས་ན་མང་ཚོགས་ཀྱིས་རང་སྐད་རང་གིས་མི་གོ་བ་སྐྱེད་ཡོང་། དེ་ན་གསར་འགྱུར་ལོ་ཙྰ་བྱེད་དུས་རྒྱན་དང་སྤྲོས་བརྗོད་སྤངས་ནས་དོན་གྱི་གནད་དེ་ཆུ་དྭངས་ཉ་གསལ་བཞིན་མང་ཚོགས་ལ་སྒྲོག་སྤེལ་བྱེད་པའི་གསར་འགྱུར་གྱི་དོན་ཅི་ལྟར་གོ་རུ་འཇུག་དགོས་ཞེས་ན། གཅིག རྗོད་བྱེད་དོན་དེ་གཙོར་བཟུང་ནས་བརྗོད་བྱ་མཚོན་ཐབས་དེ་ཕལ་བར་བཞག་ན་དོན་གྱི་དགོངས་པ་སྤར་གང་ཙམ་ཡང་མེད་པའི་སྐྱོན་དུ་མི་འགྱུར་པ་དང་། མ་ཡིག་དང་བསྟུན་དྲག་ན་ཚིག་ངོས་ཀྱི་རྣམ་པ་བམ་སྤྱི་ཙམ་ལ་ཆགས་པའི་སྐྱོན་འབྱུང་ངེས། དེ་ལྟ་ནའང་མཚོན་ཐབས་གཙོ་བོ་མ་ཡིན་ཟེར་བ་ག་ལ་ཡིན། ལོ་ཙྰ་པས་འགྱུར་ཡིག་གི་མཚོན་ཐབས་ལ་བརྟེན་ནས་མ་ཡིག་གི་ནང་དོན་མཚོན་པར་བྱེད། གལ་ཏེ་འགྱུར་ཡིག་གི་མཚོན་ཐབས་ལེགས་པོར་མ་འཁྱོངས་ན་ཚིག་སྐྱོན་དང་ཡུལ་དུས་འགལ་བ་སོགས་སྣ་མིན་འབྱུང་ངེས་པའོ།། གཞན་ད་དུང་ལོ་ཙྰ་བྱེད་དུས་སྤྱི་ཁོག་དང་ཡན་ལག་གི་འབྲེལ་མཚམས་ལ་དང་དོད་བྱེད་དགོས་པ་སྟེ། བྱ་བ་སྔོན་མ་དེ་བཤད་མ་ཚར་གོང་བྱ་བ་གཞན་ཞིག་གི་མཐོང་སྣེ་དྲུད་ཡོང་། དོན་དངོས་གསར་འགྱུར་དེའི་ནང་བྱ་བ་ཅི་བྱས་མིན་མུན་ནག་ལག་ཉོབ་བྱེད་པ་འདྲ་བ་མི་རུང་། དཔེར་ན་རྒྱ་ཡིག་གི་དོན་གཅིག་མ་རྫོགས་པར་ཚེག་ཆུང་བསྟུན་མར་གཉིས་ནས་གསུམ་ཐོན་དུས་ལོ་ཙྰ་བྱེད་དུས་རྒྱན་སྡུད་ཀྱི་ཕྲད་དང་ལྷག་བཅས་ཀྱི་ཕྲད་ཀྱིས་ཚིག་གོང་འོག་གི་ལྷུ་སྒྲིག་དགོས། དེ་མིན་སྤྱི་ཁོག་དང་དེའི་མཚོན་པར་བྱེད་པའི་ཡན་ལག་བྱ་བ་རྣམ་ཕན་ཚུན་རྒྱན་དུ་མ་གྱུར་པར་སོ་སོར་གྱུར་འགྲོ།

གསུམ། གསར་འགྱུར་ལོ་ཙྰའི་མིང་བརྡ་གོ་འབྱེད་དང་གཅིག་གྱུར་བྱེད་ཐབས།

འདིར་འཆད་བཞིན་པའི་སྤྱི་ཁོག་དང་དང་ཡན་ལག་ཟེར་བ་ནི་གསར་འགྱུར་ལོ་ཙྰ་བྱེད་དུས་རྩོམ་ཧྲིལ་པོའམ་དེའི་ནང་གི་དུམ་མཚམས། ཡང་ན་དུམ་མཚམས་ཤིག་དང་དེའི་ནང་གི་ཚིག་དུམ་སྒྱུར་སྐབས་མིང་བརྡའི་གོ་བ་བསྐྱེད་སྟངས་ལ་ཟེར་བ་ཡིན། དཔེར་ན་སྐབས་འགར་གསར་འགྱུར་ལོ་ཙྰ་བྱེད་དུས་དུམ་མཚམས་ཤིག་ཏུ་ཏང་གི་དགོངས་པ་ཞེས་པའི་མིང་བརྡ་འདི་རྒྱུན་མ་ཆད་པར་བྱུང་ན། གཞན་དེང་རབས་ཀྱི་དགོངས་པ་ཞེས་པའི་མིང་བརྡ་ཡང་བྱུང་ན་གལ་ཏེ་གོ་ནོར་མི་ཐེབས་ཚེ་དེང་རབས་ཀྱི་བསམ་བློ་ཞེས་མིང་བརྡ་སྤྱད་ཀྱང་འགལ་བ་ཆེར་མེད་སྙམ། འདི་ལྟར་སྒྱུར་ན་མིང་བརྡའི་གོ་བ་བསྐྱེད་ཐབས་དང་མི་འགལ་ལ་ཀློག་པ་པོའི་གོ་བདེ་བའི་ཕྱིར་དུའང་ཕན། དུམ་མཚམས་དང་ཚིག་དུམ་གོང་འོག་ལ་གཞིགས་ནས་མིང་བརྡ་གཅིག་གྱུར་ཕྱོགས་ལའང་ཐུགས་གཞོལ་བྱེད་དགོས། ཚིག་དུམ་གོང་འོག་ཏུ་སྐབས་ལ་ལར་བསམ་པའི་འཁྱེར་སོ་ཞེས་སྒྱུར་ཀྱང་སྐྱོན་དུ་མི་སྣང་ཡང་རྩོམ་ཧྲིལ་པོར་གཞིགས་ན་བསམ་བློའི་དགོངས་པ་ཞེས་ན་ཉམས་ཁྱད་པར་ཅན་ཐོན་ན་གཅིག་གྱུར་སྒོས་བསམ་བློའི་དགོངས་པ་ཞེས་སྒྱུར་ཆོག སྐབས་ལ་ལར་དཔེ་ཆོས་དང་གཏམ་དཔེ་སོགས་ཚིག་རིས་ཇི་བཞིན་རྩོམ་ཡོངས་ཀྱི་ཚིག་གི་འགྲོས་རིམ་དང་གོ་བདེ་མིན། ཡང་ན་དོན་གནད་ལ་ཐིངས་མིན་ལ་མ་བལྟས་པར་ཐད་སྒྱུར་བྱས་ན་རྩོམ་གྱི་སྤྱི་ཁོག་དང་མ་འབྲེལ་བའི་སྐྱོན་དུ་འགྱུར། དེ་བས་གསར་འགྱུར་ལོ་ཙྰ་བྱེད་དུས་མིང་བརྡ་དོན་འདྲ་ཡང་ཚིག་རིས་ཕྱེ་ན་ལོ་ཙྰ་ལ་སྔར་བས་སྒྱུ་རྩལ་གྱི་གསོན་ཤུགས་རྒྱས་སྲིད། འགྱུར་ཡིག་སྐབས་དོན་དང་དགོངས་པ་གཉིས་འདྲ་ཡང་ཚིག་རིས་འབྱེད་དེ་མིང་བརྡ་གཅིག་གྱུར་བྱས་ན་ཀློག་པ་པོས་གོ་བདེ་བ་དང་སེམས་ལ་འཛིན་སླ་བའི་ཁྱད་ཆོས་ལྡན། དེའི་ཕྱིར་སྐུ་ཞབས་ལུའུ་ཞུན་ནས་ལོ་ཙྰ་ནི་རྩོམ་རིག་སྒྱུ་རྩལ་མཚོན་ཐབས་གཞན་ཞིག་ཡིན་ཟེར་དོན་ཡང་དེ་ལ་ཐུག་སྙམ།

བཞི། གསར་འགྱུར་ལོ་ཙྰའི་མིང་བརྡ་གསར་བ་སྒྱུར་ཐབས།

འདིེ་མིང་བརྡ་གསར་བ་ཞེས་བཀར་བ་ཙམ་ལས་མིང་བརྡ་སྒྱུར་སྐབས་གསར་རྙིང་གི་ཁྱད་པར་མེད་དོ།། མིང་བརྡ་སྒྱུར་དུས་ཐད་སྒྱུར་དང་དོན་སྒྱུར་ཞེས་རིགས་གཉིས་སུ་འདུ་མོད། འདིར་དེ་གཉིས་གསར་འགྱུར་ལོ་ཙྰ་བྱེད་དུས་དགོས་མཁོ་དབང་གིས་ཇི་ལྟར་སྒྱུར་ཚུལ་འཆད་པ་ལས་དེ་གཉིས་ཀྱི་དབྱེ་བ་སོགས་ཤ་བཤད་རྒྱུ་བཤད་བྱེད་པའི་དགོས་པ་མི་འདུག གསར་འགྱུར་ལོ་ཙྰ་བྱེད་དུས་དུས་ཚོད་ཀྱི་དགོས་དབང་གིས་མ་ཡིག་ཇི་བཞིན་སྒྱུར་ན་མིང་བརྡའི་གོ་བ་གཞན་འགྱུར་དུ་འགྲོ་སྙམ་པའི་ཚེ་གོ་བདེ་བའི་སྒོ་ནས་དོན་སྒྱུར་བྱེད་དགོས། ཡང་སྐབས་ལ་ལར་བཅའ་ཁྲིམས་ཕྱོགས་དང་སྨན་བཅོས་འགན་ལེན་ཕྱོགས་ཀྱི་གསར་འགྱུར་སྒྱུར་དུས་ཐད་སྒྱུར་ལས་དོན་སྒྱུར་ཆིག་རྐྱང་མི་འོས་ཏེ། གཅིག བཅའ་ཁྲིམས་ཀྱི་མིང་བརྡ་ལ་ལ་བོད་སྐད་ཁྲོད་མེད་ན་དེ་ཉིད་གསར་དུ་སྒྱུར་དགོས། གཉིས། ཁྲིམས་ལུགས་ཀྱི་མིང་བརྡ་དང་སྨན་བཅོས་འགན་ལེན་ཕྱོགས་ཀྱི་མིང་བརྡ་ཇི་བཞིན་མ་སྒྱུར་ན་བྱུར་ཉེས་བཟོ་བ།གསུམ། བོད་རང་ལ་དེང་རབས་མིང་བརྡའི་ཕྱོགས་ནས་ད་དུང་གཅིག་གྱུར་ཐོན་མེད་སྟབས་གནས་སྐབས་སུ་ཐད་སྒྱུར་ནི་ཅུང་ལེགས་པར་མཐོང་། བཞི། སྨན་སྣ་ཕྱོགས་ཀྱི་མིང་བརྡ་ནི་གལ་ཏེ་བསྒྱུར་ན་ཡང་གོ་བརྡ་སྤྲོད་མི་ཐུབ་པ་ཞིག་ཡིན་ཚེ་ད་གཟོད་སྒྲ་སོར་བཞག་བྱ་དགོས། དངོས་པོ་གསར་བར་མིང་འདོགས་དུས་སྔོན་གྱི་ཐ་སྙད་ལས་དེ་འདྲ་ཡོད་མེད་ལ་འཚོལ་བ་ནི་ཉོག་དྲ་དེ་རིགས་ཐག་གཅོད་པའི་ཐབས་ཉག་ཅིག་ཡིན། བོད་རང་གི་སྐད་ཀྱི་ཆོས་ཉིད་ལ་མི་བསྟུན་པར་བསྒྱུར་ཐབས་ཙམ་དང་རྡོ་ཆགས་བཙན་སྒྲིག་བྱས་ན་རྗེ་ས་པན་གྱིས་དགོས་པ་མེད་པར་མིང་གསར་དུ་གདགས་པ་ཟེར་བའི་སྐྱོན་དུ་འགྱུར། ད་ལྟ་རྩོམ་རིག་ལོ་ཙྰ་གང་གི་ངོས་ནས་ཐ་སྙད་ལེགས་པོ་སྐོར་ཞིག་ཡོད་པ་དག་བསྐྱུར་ནས་ཡུལ་སྐད་ཀྱི་རྗེས་སུ་འབྲངས། ཕལ་སྐད་ལས་བྱུང་བའི་ཐ་སྙད་ཚད་ལྡན་དག་གིས་སྤྱི་སྐད་ལ་ཁ་སྐོང་བྱ་དགོས་མོད།འོན་ཀྱང་ཁ་སྐད་ཀྱིས་སྤྱི་སྐད་ཀྱི་ཚད་བྱས་ན་གོ་ལོག་ཅིག་རྫོབ་སྐྱེལ་གྱིན་ཡོད་པས་མིང་བརྡ་གསར་བ་སྒྱུར་དུས་ཁ་སྐད་བཀོལ་རྒྱུ་ཉུང་བས་བཟང་། དེ་མིན་ཡུལ་སྐད་སྣ་མིན་ཐོན་ནས་ཉ་ཉོག་བསྲེས་ཡོང་། ཡང་ཆོས་ཀྱི་མིང་བརྡ་མང་པོ་ནི་བཀོལ་མི་རུང་བ་ག་ལ་ཡིན། རྒན་རྒྱ་གྲོལ་ནས་གསུང་བ་ལྟར་གསང་ཆེན་མྱུར་ལམ་ཞེས་པ་གསང་སྔགས་ཀྱི་བརྡ་ཞིག་ཡིན་རུང་དེའི་མྱུར་ལམ་ཞེས་པ་དེ་མྱུར་མོར་བགྲོད་ཐུབ་པའི་ལམ་ཡིན་པས高速公路ལ་མྱུར་ལམ་དང་། ཡང业绩ལ་བྱ་བཞག་དང་འཕྲིན་ལས་ཞེས་ཟེར་ཆོག་མོད་འོན་ཀྱང་འཕྲིན་ལས་ཞེས་པའི་མིང་བརྡ་འདི་ནི་ཆོས་སྤྱོད་ཉེར་འདོན་ལས་ལོ་ཙྰའི་ཁྲོད་བོར་གྱིན་འདུག་ལ་དེ་ལས་མིང་བརྡ་གསར་བ་བོད་སྐད་ཡིན་པ་ཆོས་ཉིད་དང་འགལ་བའི་འཆལ་འཆོལ་རིགས་མང་དུ་འབྱུང་བཞིན་གདའ།

ལྔ་པ། ལོ་ཙྰའི་མིག་སྔའི་གནས་བབ་དང་འགན་འཁྲི།

གསར་འགྱུར་ལོ་ཙྰ་ནི་གསར་འགྱུར་སྡེ་གཅིག་པུས་ལས་འགན་ཞིག་ཏུ་བརྩི་མི་རུང་སྟེ། དེང་གི་རྒྱལ་ནང་དང་རྒྱལ་སྤྱིའི་གནབ་བབ་གང་གི་ངོས་ནས་ཀྱང་སྨྱན་སྦྱོར་མཉམ་འདྲེས་སུ་འགྲོ་བཞིན་པའི་སྒང་ཡིན་ལ། རྒྱལ་ཁབ་ཀྱི་གཙོ་འཛིན་ཞི་ཅིན་ཕེང་གིས་སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏམ་བཤད་སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་། གསར་འགྱུར་ཁྱབ་སྤེལ་ཆོས་ཉིད་དང་གསར་དར་སྨྱན་སྦྱོར་འཕེལ་རྒྱས་ཆོས་ཉིད་ལ་བརྩི་སྲུང་བྱ་དགོས་བྱས་ཏེ་སྦྲེལ་དྲའི་ཕྱོགས་ལ་ཤུགས་སྣོན་བྱེད་པའི་གལ་ཆེའི་གཏམ་བཤད་འདི་ལས་བོད་ཡིག་གསར་འགྱུར་ལས་རིགས་སྡེ་ཁག་ལས་གཞན་དཔེ་སྐྲུན་སྡེ་ཁག་དང་གཞུང་ཞབས་སྡེ་ཁག་གི་ལས་རྐང་ན་ཡོད་པའི་བོད་རིགས་ལས་བྱེད་ཡོངས་ལ་བོད་ཀྱི་རིག་གནས་འཚོ་བ་ཕྱི་ཚོང་རར་སྒྲོག་པར་འོས་འགན་དང་དེ་ཉིད་ཡང་དག་སྒོས་ཀུན་གྱི་མིག་གི་དགའ་སྟོན་དུ་འདྲེན་པར་འགན་འཁྲི་ཡོད། འོས་འགན་དེ་དང་འགན་འཁྲི་དེ་ལོ་ཙྰ་བྱེད་པའི་བོད་ཀྱི་ལས་བྱེད་ཡོངས་ལ་རགས་ལས། རྒྱུ་མཚན་ལོ་ཙྰ་ནི་ཞབས་ཞུ་རིགས་ཀྱི་ལས་ཤིག་ཡིན་ཏེ། དང་པོ་རྒྱལ་པོ་སྲོང་བཙན་གྱི་སྐབས་སུ་བློ་རྣོ་བ་རྒྱ་གར་དུ་བཏང་ནས་ཐོན་མིས་རྒྱ་གཞུང་སྒྲའི་བསྟན་བཅོས་བརྒྱད་བོད་དུ་བསྒྱུར་བ། ཁྲི་སྡེ་སྲོང་བཞིན་གྱི་སྐབས་སུ་སྐུ་དྲག་གི་སྲས་མང་པོ་ཙི་ནའི་ཡུལ་ཁྲང་ཨན་དུ་མངགས་པ་ཏུན་ཧོང་གཏར་ཡིག་ཏུ་གསལ་བོར་འཁོད་ཡོད་ལ། གཞན་བོད་དུ་ནང་བསྟན་དར་ནས་ས་ཁྱབ་རྡོ་ཁྱབ་ཀྱི་སྐབས་སུ་འགོས་ཆོས་གྲུབ་ཀྱིས་མཛངས་བླུན་བྱ་བའི་མདོ་སྟོན་པའི་སྐྱེས་རབས་དེ་བོད་ཡིག་ཏུ་བསྒྱུར་པ། རྗེས་ཀྱི་གསེར་འོད་མདོ་སྡེ་སོགས་མང་པོ་རྒྱ་ནས་བོད་འགྱུར། བཅིངས་འགྲོལ་བྱས་ཚུན་ཐོག་ཁང་དམར་པོའི་རྨི་ལམ་སོགས་རྒྱའི་རྩོམ་གྲགས་ཅན་ཆར་རྗེས་ཤ་མོ་བཞིན་བོད་དུ་འགྱུར། རྒྱལ་ཁབ་ཀྱིས་ཀྱང་བོད་རིགས་ལས་བྱེད་མང་པོ་གསོ་སྐྱོང་བྱས་ཤིང་ད་ལྟ་ལས་ཁུངས་མང་པོ་ན་རེ་འགའ་ཡོད་པས་ཐོག་མར་ཕྱིའི་རིག་གནས་ནང་འདྲེན་དང་ཡང་ན་ནང་གི་ཐུན་མིན་རིག་གནས་ཕྱིར་སྒྲོག་སྤེལ་བྱེད་པ་ནི་དེང་གི་སྲིད་ཇུས་དང་ཀྲུང་གོའི་ཕུགས་འདུན་མགྱོགས་མྱུར་སྒོས་མངོན་འགྱུར་བྱེད་པར་རླུང་གི་གཤོག་པ་ཞིག་སྤྲད་པ་དང་འདྲ། འདི་ལྟ་བུའི་གནས་བབ་འོག་ལོ་ཙྰ་ནི་ཆེད་ལས་དང་བྱ་བའི་དགོས་དབང་ཙམ་མ་རེད། འདི་ནི་རང་གི་རིག་གནས་རིན་ཐང་མཚོན་བྱེད་དང་རང་གི་འཇོན་ནུས་མངོན་པར་དོད་བྱེད་ཀྱི་ཞབས་ཞུ་ཞིག་རེད། ཚོང་རའི་དཔལ་འབྱོར་བླ་རུ་འཕེལ་བའི་དེ་རིང་ཆེད་ལས་གཙོ་ཆེ་བ་མ་ཟད་དེ་ལས་ཀྱང་རིན་ཐང་ཆེ་བ་ཞབས་ཞུ་རེད།རང་གི་རིག་གནས་འདི་གོ་ལ་ཟླུམ་པོ་འདིའི་སྟེང་རྩ་བ་རྒྱས་ནས་འབྲས་སུ་སྨིན་དགོས་ན་སྲིད་ཇུས་དང་ཚོང་རར་དཔལ་འབྱོར་གཞིགས་ནས་ལོ་ཙྰ་འདི་ལས་རིགས་ཁོ་ནར་མི་བརྩི་བར་ཞབས་ཞུ་ཞིག་ཏུ་བརྩིས་ཚེ་ཚོང་རའི་འགྲོ་ལུགས་དང་མཐུན་སྙམ། དེ་བས་གསར་འགྱུར་ལོ་ཙྰའི་སྡེ་ཁག་ནི་དུས་རབས་ཀྱི་ཕྱོགས་སྟོན་ལྟ་བུ་ཡིན་པས་མིང་བརྡ་དང་མཚོན་ཐབས་སོགས་ཀྱི་ཕྱོགས་ནས་ཚོར་བ་སྐྱེན་ཤིང་རང་གི་ཐུན་མིན་རིག་གནས་དེ་ཕྱིར་སྒྲོག་ཅི་ཐུབ་བྱེད་དགོས། དྲ་རྒྱའི་རིག་གནས་འདི་ངོས་གཉིས་ཅན་གྱི་དངོ་གྲི་ཤིག་ཡིན་ནའང་ཡང་དག་སྒོས་རང་གི་རིག་གནས་འདི་ལ་བརྟེན་ནས་འཁོར་རྒྱུག་བྱེད་རྒྱུ་ནི་ཧ་ཅང་འགོར་འགྱང་བྱེད་མི་འོས་པ་ཞིག་རེད།

མཇུག་བསྡུ་བའི་གཏམ།

ལོ་ཙྰ་ནི་སྒྱུར་རྩལ་མཚོན་ཐབས་གཞན་ཞིག་ཅེས་པ་ལྟར་མ་ཡིག་ལ་ཐུགས་གཞིགས་ཟབ་མོ་བཏང་ནས་གོ་བ་བསྐྱེད་དགོས་ལ་འགྱུར་ཡིག་གི་མཚོན་ཐབས་དེ་རང་གི་རིག་གནས་ཀྱི་མཚོན་ཐབས་དང་མཐུན་དགོས། དེ་མིན་མིང་བརྡའི་ཐད་ནས་ཉོག་དྲ་བཟོས་ཡོང་པས་སྒྱུར་ཐབས་དང་མཚོན་ཐབས་གཉིས་ནི་ལོ་ཙྰ་བྱེད་དུས་གཟབ་གཟབ་བྱེད་དགོས།

གལ་ཏེ་མ་ཡིག་ཐད་བསྒྱུར་ལ་གཞོལ་ཆེ་ན་རྒྱའི་སྐད་ཀྱི་ཁྱད་ཆོས་ལྡན་པ་ལས་བོད་ཀྱི་སྐད་ཀྱི་ཁྱད་ཆོས་མེད་པས་འདི་དག་གིས་བོད་ཀྱི་སྐད་ལ་དབང་ཟ་བ་ནི་ད་ལྟ་ཡོངས་སུ་ཁྱབ་ཡོད་པས་ང་ཚོས་ངེས་པར་འཛེམ་དགོས་པ་ཞིག་རེད།དེ་དང་བསྟུན་ནས་དྲ་རྒྱ་རྒྱུགས་ཆེ་བའི་དེ་རིང་རིག་གནས་ནང་འདྲེན་དང་། ཐུན་མིན་རིག་གནས་འཛམ་གླིང་དང་མཉམ་སྤྱོད་བྱས་ཏེ་ལོ་ཙྰ་འདི་ཞབས་ཞུ་ལས་སུ་གཟུང་ན་རང་གི་རིག་གནས་གོ་འཕང་དང་ལམ་ཁ་སྔར་བས་ཇེ་ཡངས་སུ་འགྲོ།