བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པ་མཚོ་བྱང་འགྲན་ཁུལ་གྱི་སྔོན་འགྲོའི་བྱ་བ་ལེགས་འགྲུབ་བྱུང་།


མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། དམངས་གླུ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱི་ཐུན་མོང་བའི་ངག་ཐོག་ནས་གསར་རྩོམ་དང་བརྒྱུད་སྤེལ་བྱས་ཤིང་སྤྱི་ཚོགས་འཚོ་བའི་ཁྲོད་ལོ་རྒྱུས་ཀྱི་རྒྱུན་རིང་ལ། མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བར་མ་ཟད་དམངས་ཁྲོད་ན་དགའ་བསུ་ཆེན་པོ་ཐོབ་པའི་ཐུན་མོང་མ་ཡིན་པའི་བོད་རང་གི་ངག་ཐོག་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་སྲིད་ཇུས་བཟང་བོའི་འོད་ཟེར་དང་བསྟུན་ནས། མེས་པོའི་ཤུལ་བཞག་རིག་གནས་རྒྱུན་འཛིན་དར་སྤེལ་དང་ལོ་ངོ70དགའ་སྟོན་ལ་རྟེན་འབྲེལ་ཞུ་ཆེད། བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པ་མཚོ་བྱང་འགྲན་ཁུལ་གྱི་འགྲན་སྡུར་དེ་དེ་རིང་དགོང་མོའི་ཆུ་ཚོད་བདུན་དང་སང་ཉིན་མཚོ་བྱང་ཁུལ་རྐང་ཚ་རྫོང་བོད་མཁར་སྒྱུ་རྩལ་འཁྲབ་སྟོན་གླིང་ནས་འཚོགས་རྒྱུ་ཡིན་པས། རྒྱ་ཆེའི་གྲོགས་པོ་རྣམ་པ་དུས་ལྟར་ཕེབས་པར་དགའ་བསུ་ཞུ།


བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པ་ལས་མཚོ་བྱང་འགྲན་ཁུལ་གྱི་ས་གནས་དང་དུས་ཚོད།

ས་གནས། རྐང་ཚ་རྫོང་བོད་མཁར་སྒྱུ་རྩལ་འཁྲབ་སྟོན་གླིང་།

དུས་ཚོད། དོ་དགོང་ཆུ་ཚོད་བདུན་དང་སང་ཉིན།(6.20—21)

ཐེངས་འདིའི་དམངས་གླུ་འགྲན་སྡུར་ནི་ཨ་མདོ་བརྙན་འཕྲིན་དང་རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། རྨ་ལྷོ་ཁུལ་བརྙན་འཕྲིན་ཁང་། མཚོ་བྱང་ཁུལ་བརྙན་འཕྲིན་ཁང་། ཡུལ་ཤུལ་ཁུལ་བརྙན་འཕྲིན་ཁང་། མགོ་ལོག་ཁུལ་བརྙན་འཕྲིན་ཁང་། དཔའ་རིས་བོད་རིགས་རང་སྐྱོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་བརྙན་འཕྲིན་ལས་ཁུངས་བཅུས་མཉམ་དུ་སྒྲུབ་པ་ཡིན་ལ། བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པ་ལས་མཚོ་བྱང་འགྲན་ཁུལ་གྱི་སྔོན་འགྲོའི་གྲ་སྒྲིག་གི་བྱ་བ་བདེ་བླག་ངང་ཡོངས་སུ་འགྲུབ།