རང་ཞིང་གིས་ཞིང་སྡེའི་རིག་གནས་ཡུལ་སྐོར་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ཆར། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གཉིས་ཀྱིས2019ལོའི་ཞིང་སྡེའི་རིག་གནས་ཡུལ་སྐོར་སྣེ་ཁྲིད་པ་དང་སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གི་ཁོངས་མིའི་གསོ་སྦྱོང་འཛིན་གྲྭ་ཁྲིན་ཏུའུ་ནས་བསྡུས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་ཞིང་སྡེའི་རིག་གནས་ཡུལ་སྐོར་སྣེ་ཁྲིད་པ་དང་སྡེ་བའི་སྡོད་པའི་བྱ་བའི་རུ་ཁག་གི་ཁོངས་མི་སོགས་མི40ཐེངས་འདིའི་གསོ་སྦྱོང་ནང་ཞུགས་པ་རེད།

ཤེས་གསལ་ལྟར་ན། གསོ་སྦྱོང་ལ་གཞུང་ལུགས་གསོ་སྦྱོང་དང་ཡུལ་དངོས་སློབ་ཁྲིད་ཟུང་འབྲེལ་བྱེད་པའི་ཐབས་ལམ་སྤྱད་དེ། 《གྲོང་གསེབ་ཀྱི་ཡུལ་སྐོར་དང་གྲོང་གསེབ་དར་རྒྱས》དང་། 《རིག་གནས་ཡུལ་མིའི་ཞག་སྡོད་ཇུས་འགོད་དང་ཐོན་རྫས་ཉམས་ལེན》《གྲོང་གསེབ་ཀྱི་ཡུལ་སྐོར་ཁྲོད་ཀྱི་མི་རིགས་དང་། ཞག་སྡོད། དམངས་སྲོལ་བཅས་སྔོག་འདོན་དང་བེད་སྤྱོད》དང《གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་འོག་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་ཐབས》སོགས་དམིགས་སའི་རང་བཞིན་ལྡན་པའི་སློབ་ཚན་གྱི་ནང་དོན་བཀོད་སྒྲིག་བྱས་ཡོད་པ་རེད། ཡུལ་དངོས་ནས་སློབ་ཁྲིད་བྱ་ཡུལ་འདེམས་པའི་ཐད་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཁྱད་ལྡན་གྲོང་སྡེ་དང་དམངས་སྲོལ་རྩེ་གྲས་སོགས་ཡུལ་དངོས་ནས་སློབ་ཁྲིད་བྱ་ཡུལ་བདམས་པ་རེད། 

སློབ་མ་ཚོས་ད་ཐེངས་ཀྱི་གསོ་སྦྱོང་གི་བརྗོད་དོན་གཙོ་བོ་མངོན་གསལ་དོད་ཅིང་། ནང་དོན་ཕུན་སུམ་ཚོགས་པ། སློབ་ཁྲིད་ནང་དོན་དོན་དངོས་དང་མཐུན་པ། མཐོང་རྒྱ་ཆེ་བ། ཤེས་བྱ་མང་དུ་ཕྱིན་པ། མཐོང་རྒྱ་ཆེ་རུ་ཕྱིན་པ། བསམ་ཕྱོགས་ཁ་གསལ་དང་།འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་དམིགས་ཡུལ་གྲུབ་པ། སླད་ཕྱིན་གྱི་གྲོང་གསེབ་ཡུལ་སྐོར་དབུལ་སྐྱོར་ལས་དོན་ཁྲོད་གྲོང་གསེབ་ཀྱི་ཡུལ་སྐོར་དོ་དམ་དང་གཉེར་སྐྱོང་དོ་དམ་གྱི་ཉམས་མྱོང་ཟམ་མི་ཆད་པར་འཚོལ་ཞིབ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཡུལ་སྐོར་བྱ་བ་དང་ཡུལ་སྐོར་དབུལ་ཐར་འགག་སྒྲོལ་བྱ་བ་ལ་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བཤད་པ་རེད། 

ལས་རིམ་རྗེས་མར་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་གསོ་སྦྱོང་གི་གྲུབ་འབྲས་གང་ལེགས་སྤྱད་དེ་གྲོང་གསེབ་དར་རྒྱས་ཀྱི་དབུལ་ཐར་འགག་སྒྲོལ་སོགས་ཐད་ཀྱི་འཐབ་ཇུས་དང་མཛད་ཕྱོགས་སྲིད་ཇུས་གལ་ཆེན་ལ་དམ་པོར་དམིགས་ནས་སློབ་མ་ཚོར་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད། 

ལོ་ཙཱ་བ། ཀླུ་མོ།