རང་རེའི་ཞིང་ཆེན་གྱིས་ད་ལོར་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་དོན་ལས་གཞི་གལ་ཆེན་དགུ་བསྒྲུབས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་གསལ་ལྟར་ན། ད་སྔའི་བར་དུ་རང་རེའི་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ཚན་རྩལ་གལ་ཆེན་གྱི་ལས་གཞི་ཁག9ད་ལོར་འགོ་བརྩམས་ཤིང་། རོགས་དངུལ་འགྲོ་གྲོན་ཐད་ཁྱོན་སྡོམ་སྒོར་དུང་ཕྱུར1.2ཐོག་མར་བཀོད་སྒྲིག་བརྒྱབ་ཡོད་པའི་ནང་ནས་མ་དངུལ་ཁྲི7240གཏོང་སྤྲོད་བྱས།

སྣོད་བཅུད་ཁོར་སྲུང་མངའ་ཁོངས་ནས་གཙོ་བོ་མདོ་ལ་རི་བོའི་ཆུ་ནག་རྩྭ་ཐང་གི་སྣོད་བཅུད་ཐོན་སྐྱེད་གཉིས་ཕན་གྱི་གསར་འཛུགས་རྣམ་པ་དང་། ཚྭ་འདམ་གཞོང་གི་ཆུའི་འཁོར་རྒྱུག་གྱི་བེད་སྤྱོད་དང་སྣོད་བཅུད་སྲུང་སྐྱོང་དང་འབྲེལ་བའི་ལག་རྩལ་ཞིབ་འཇུག་གསར་གཏོད་དང་དཔེ་སྟོན། མཐོ་སྒང་གི་དེང་རབས་ཞིང་འབྲོག་ལས་ཁྱབ་ཁོངས་ནས་གཙོ་བོ་ཞོག་ཁོག་ཐོན་ལས་གོང་སྤེལ་དང་། མཐོ་སྒང་གི་ཉ་མོ་གསོ་སྤེལ་གྱི་གནད་འགག་ལག་རྩལ་ཐད་ཀྱི་འགག་སྒྲོལ་དང་དཔེ་སྟོན། བཟོ་ལས་ཁྱབ་ཁོངས་ནས་གཙོ་བོ་ཚྭ་མཚེའུ་ཐོན་ཁུངས་ཀྱི་ལྕགས་རིགས་ལིས་བཟོ་འདོན་ཐོན་ལས་ཀྱི་འབྲེལ་ཐག་ཐད་ཀྱི་གནད་འགག་ལག་རྩལ་དང་། ཆུའི་གཏིང་རིམ་གྱི་ཚྭ་ཆུ་རྒྱུ་བྱས་པའི་ཐཱན་སྐྱུར་ལིས་སྤུས་ལེགས་སྒྲིག་ཆས། སླར་སྐྱེས་རུང་བའི་ནུས་ཁུངས་དང་ནུས་གསོག་འདུས་གྲུབ་ཉེར་སྤྱོད། ས་མཐོའི་རླུང་འཁོར། གནོན་གཟིངས་སྒྲིག་ཆས་ཐོན་སྐྱེད། འཕྲུལ་སྒུལ་འཁོར་ལོ་དང་ལམ་སྐྱོད་འཕྲུལ་ཆས་མ་ཡིན་པའི་འཕྲུལ་ཆས་ལམ་དུ་སྐྱོད་པར་ལྟ་སྐུལ་ཚད་ལེན་ལ་སོགས་གནད་འགག་གི་ལག་རྩལ་ཐད་ནས་ཞིབ་འཇུག་དང་གཞི་གྲུབ་དཔེ་སྟོན་གྱི་ལས་སྤེལ་བ་རེད།

གཞན་ཚྭ་མཚེའུ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིས་སྣེ་འཁྲིད་ཅིང་འགན་སྒྲུབ་འཁུར་བའི་ཞིང་ཆེན་གྱི་ཚན་རྩལ་ཆེད་དོན་གྱི་ལས་གཞི་གལ་ཆེན“མཚོ་སྔོན་ཚྭ་མཚེའུ་ལྕགས་རིགས་རྨེ་ལས་གཞི་ཚོད་ལྟའི་ཁྲོད་ཀྱི་གནད་འགག་ལག་རྩལ་ཞིབ་འཇུག་དང་ཉེར་སྤྱོད”བྱ་བ་དེ་ཟླ5ཚེས22ཉིན་ལ་ཞིབ་བཤེར་རྩིས་ལེན་ཐོབ། ལས་གཞི་དེས་ལྕགས་རིགས་རྨེ་ཏུན་ཁྲི10ཐོན་སྐྱེད་ཚོད་ལྟའི་གནད་འགག་བཟོ་ལས་དང་ལག་རྩལ་གྱི་དཀའ་གནད་སེལ་བར་བྱས་པ་མ་ཟད། རྒྱལ་ནང་ནས་རྨེ་དང་འཕང་གི་ལུགས་བརྒྱབ་པའིR134aརླངས་ཁམས་སྲུང་སྐྱོང་ལག་རྩལ་བཟོ་ལས་ཅན་དུ་ཉེར་སྤྱོད་ཞིབ་འཇུག་བྱས་པའི་ལས་ཐོག་མ་ཡིན་པས། མཚོ་སྔོན་ཚྭ་མཚེའུ་ཐོན་ཁུངས་ཀྱི་ཕྱོགས་བསྡུས་གསར་སྤེལ་དང་ཉེར་སྤྱོད། སྒོར་དུང་ཕྱུར་སྟོང་གི་ཚྭ་མཚེའུ་ཅན་གྱི་རྫས་འགྱུར་བཟོ་ལས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བཅས་ཚྭ་མཚེའུ་རྨེ་བཟོ་ལས་ཐོན་རྫས་སྤུས་ལེགས་བཟོ་བར་ཚན་རིག་ལག་རྩལ་གྱི་རམ་འདེགས་བྱས། གཞན“ཉི་ནུས་དྲོད་གློག་འདོན་གྱི་རྒྱུ་མང་བཞུ་ཚྭ་གསར་སྤེལ་དང་ལས་གཞི་ཅན་གྱི་ཞིབ་བཤེར་ར་སྤྲོད”ལས་གཞི་ཡིས་བཞུ་ཚྭ་ཉུང་ངུ་ཡོད་སའི་བཞུ་ཚྭ་ཧྲག་འདེམ་དང་སྒྲིག་སྦྱོར་གྱི་ལས་ལེགས་འགྲུབ་བྱུང་ནས་ན་གོར་མོ་དང་གཏེར་ལེན་ཁ་གཉིས་ནས་བཞུ་ཚྭ་བསགས་འབོར་ཏུན་ཁྲི10ཡི་རྒྱུ་ཆ་ཐོན་སྐྱེད་བྱེད་ས་བཙུགས།ལོ་ལྔའི་རིང་ལ་འཛུགས་སྐྲུན་བྱས་པའི་ཞིང་ཆེན་འོད་ཧྥུ་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་དངོས་སུ་ལེགས་འགྲུབ་བྱུང་བ་མ་ཟད། ཉི་ནུས་གློག་འདོན་མ་ལག་ཇུས་འགོད་ཞིབ་འཇུག་དང་དོ་དམ་གཞི་གྲངས་མཛོད་བཙུགས་ཏེ། ཚན་ཞིབ་ལྟེ་གནས་ཀྱི་ཉམས་ཞིབ་ཁང་སོ་སོའི་བར་གཞི་གྲངས་སྐྱེལ་མ་དང་མཉམ་སྤྱོད་ཐུབ་པ་བྱུང་ཡོད་པས། རང་རེའི་ཞིང་ཆེན་གྱི་འོད་ཧྥུ་ཁྱབ་ཁོངས་ཀྱི་ལག་རྩལ་གྲུབ་འབྲས་གལ་ཆེན་བརྗེ་སྒྱུར་ལེགས་སྒྱུར་གྱི་སྟེགས་བུར་གྱུར།

དེ་མ་ཟད“ཚྭ་འདམ་གཞོང་གི་གི་ཆུ་འཁོར་རྒྱུག་གི་གོ་རིམ་ཁྲོད་བེད་སྤྱོད་ལེགས་པོ་དང་སྣོད་བཅུད་སྲུང་སྐྱོང་གི་ལག་རྩལ་ཞིབ་འཇུག་དང་དཔེ་སྟོན”ལས་གཞི་དང་རྒྱལ་ཁབ་ཀྱི་ཞིབ་འཇུག་གསར་གཏོད་གཙོ་གནད་འཆར་འགོད་ལས་བེད་མེད་དངོས་རོ་ཐོན་ཁུངས་ཅན་དུ་སྒྱུར་བའི་ཆེད་དོན་ལས་གཞི་སྟེ“མཚོ་སྔོན་ཚྭ་མཚེའུ་རྫས་འགྱུར་ཐོན་ལས་ཁུལ་གྱི་སྙིགས་རྫས་འབོར་ཆེན་རྒྱུན་འཁོར་བེད་སྤྱོད་འདུས་གྲུབ་དཔེ་སྟོན”ལས་གཞི་གཉིས་དངོས་སུ་ལས་འགོ་བརྩམས་ལ། དེས་སྣོད་བཅུད་འཁོར་རྒྱུག་གི་རྒྱུན་མཐུད་འཕེལ་རྒྱས་དང་རང་རེའི་ཞིང་ཆེན་གྱི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་ལ་ལག་རྩལ་གྱི་ཆ་ནས་རམ་འདེགས་བྱས་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།