རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡིས་སོ་སོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་གཞིའི་སློབ་གསོར་བཀོད་སྒྲིག་བྱས། .

ཉེ་སྔོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་བཅས་ཀྱིས་སོ་སོར་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་གཞི་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། བརྗོད་གཞིའི་སློབ་གསོ་སྤེལ་བར་བཀོད་སྒྲིག་བྱས།

ལིས་ཁི་ཆང་དང་ལིས་ཀྲན་ཧྲུའུ། ཝང་དབྱང་བཅས་ཀྱིས་རང་ཉིད་ཡོད་སའི་ཏང་ཙུའུ་ཡི་ཚོགས་འདུར་འགོ་འཛིན་མཛད་པ་དང་། ཧན་ཀྲིན་རང་ཉིད་ཡོད་སའི་ཏང་ཙུའུ་ཡི་ཚོགས་འདུར་ཞུགས།

གྲོས་ཚོགས་སྟེང་བལྟས་ན། ཏང་ཀྲུང་དབྱང་གིས་ཏང་ཡོངས་ནས་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་གཞིའི་སློབ་གསོ་སྤེལ་རྒྱུའི་ཐག་བཅད་པ་ནི་ཧ་ཅང་དུས་དང་འཚམ་ལ་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་བརྗོད་གཞིའི་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་དམིགས་འབེན་ལས་འགན། བྱེད་ཐབས་གཙོ་བོ་དང་བྱ་བའི་རེ་བ་བཅས་རྒྱས་བཤད་མཛད་ཡོད་ལ། དེ་ནི་དུས་རབས་གསར་པར་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན་པ་དང་། དེས་བརྗོད་གཞིའི་སློབ་གསོ་སྤེལ་བར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་ལས་འགན་འདུ་ཤེས་མཐོན་པོ་བཅངས་ནས། ཐེངས་འདིའི་བརྗོད་གཞིའི་སློབ་གསོ་ཏན་ཏིག་ནུས་ལྡན་སྒོས་སྤེལ་དགོས་པར་འདོད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་གཟབ་ནན་སྒོས་སྤེལ་ཏེ། ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་ལག་ལེན་ལ་མཛུབ་སྟོན་དང་བྱ་བར་སྐུལ་འདེད་གཏོང་བའི་ནུས་པ་ཇེ་ཆེར་གཏོང་དགོས། ཕུགས་བསམ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དམར་པོའི་གཞི་རྒྱུད་འཛིན་སྤེལ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་དེ་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་སྦྲེལ་དགོས་ཟེར།