བུ་མོ་ཆུང་ཆུང་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བཅའ་ཁྲིམས། 5

(ལེ་ཚན་གོང་མའི་འཕྲོས་མཐུད།)

རང་ཉིད་གཞན་གྱིས་བརྐུ་འཚོང་བྱས་པ་ཤེས་རྗེས་ཇི་ལྟར་བྱ་དགོས་སམ།

1.གལ་ཏེ་སྤྱི་གཞུང་ཡུལ་དངོས་སུ་གཡོ་འོག་ཏུ་ཚུད་པ་ཤེས་ཚེ་མྱུར་དུ་མི་མང་འདུ་སར་སོང་སྟེ་མྱུར་སྐྱོབས་བྱེད་པའི་སྐད་འབོད་བྱེད་དགོས།

2.གལ་ཏེ་ཤེས་རྟོག་བྱུང་ན་ཡང་གཞན་གྱིས་རང་གི་མི་ལུས་ལ་ཚོད་འཛིན་ཐེབས་དུས་ལྷོད་ལ་བབས་ནས་ཉོ་བདག་དང་རང་ཉིད་འདུག་སའི་སྡོད་གནས་ངོ་མ(ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཤང་གྲོང་རྡལ། སྡེ་བ། ཚོ་ཆུང་། )བཅས་ཀྱི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་ཐུབ་དགོས།

3.ཉོ་འཚོང་རྒྱག་མཁན་དང་ཉོ་བདག དེ་མིན་འབྲེལ་ཡོད་མི་སྣ་བཅས་ལ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྒྲོག་སྦྱོངས་བྱས་ཏེ། མཇུག་འབྲས་ཚབས་ཆེན་བཅས་ཀྱི་གསལ་བརྡ་བཏང་ནས། ཕྱི་རོལ་དུ་རོགས་སྐྱོར་དང་བྲོས་བྱོལ་བྱེད་དགོས།

4.ཤོག་བྱང་ཆུང་ངུའི་ངོས་སུ་ཡི་གེ་འབྲི་བའི་ཐབས་ལམ་ལ་བརྟེན་ནས་ཉེ་འཁོར་གྱི་མི་ལ་ལྐོག་བརྡ་བཏང་སྟེ་ཁྱོད་ཀྱི་གནས་བབ་ཤེས་སུ་བཅུག་ནས། མི་གཞན་གྱིས་རོགས་རམ་དང་ཕྱི་རོལ་ལ་འབྲེལ་གཏུག་བྱེད་པའི་ཐབས་ལམ་བཙལ་དགོས།

5.དོར་འདོར་མི་བྱེད་པར་ཐབས་བཀོད་འཐེན་ནས་གོ་སྐབས་བཙལ་ཏེ་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་གསེང་ཞུ་དགོས། ཁ་པར་གཏོང་བ་དང་བརྡ་འཕྲིན་བསྐུར་བ། དྲ་རྒྱ་སོགས་ཕྱི་རོལ་དུ་འབྲེལ་གཏུག་བྱེད་པའི་བརྡ་འཕྲིན་ལ་བརྟེན་ནས་གང་མགྱོགས་སྒོས་སྙན་གསེང་ཞུས་ཏེ། རང་ཉིད་སྡོད་སའི་ས་གནས་དང་ཉོ་མཁན་གྱི་མིང་། འབྲེལ་གཏུག་ཁ་པར་ཨང་གྲངས་སོགས་གསལ་བཤད་བྱེད་དགོས།

བྱིས་པ་ཞིག་གིས་སྒྱུ་རྩལ་འཚོང་བ་དང་སྦྲང་སློང་བྱེད་པ་མཐོང་དུས་ཅི་ལྟར་བྱེད་དགོས་སམ།

110ལ་ཁ་པར་བཏང་ནས་ས་གནས་དེའི་མངག་གཏོང་ཁང་ལ་ཡར་ཞུ་བྱེད་དགོས། ཁྱོད་ཀྱི་ཁ་པར་ཐེངས་གཅིག་གིས་བྱིས་པ་ཞིག་མྱུར་སྐྱོབས་བྱེད་ཐུབ་ལ། ཕལ་ཆེར་ཁྱིམ་མི་ལྷན་འཛོམས་བྱུང་སྟེ། བྱིས་པ་མང་པོ་ཞིག་བརྐུ་འཚོང་གི་ཆག་སྒོ་ལས་ཐར་སྲིད་ངེས།

གལ་ཏེ་ཁྱོད་ཀྱི་རང་གི་བྱིས་པ་བོར་སྟོར་བྱུང་ཚེ་ཇི་ལྟར་བྱ་དགོས་སམ།

གལ་ཏེ་རང་གི་བྱིས་པ་བོར་སྟོར་བྱུང་བ་ཤེས་ཚེ་མྱུར་དུ་སྤྱི་བདེ་ལས་ཁུངས་ལ་ཁ་པར་བཏང་ནས་སྙན་ཞུ་བྱེད་དགོས་ཤིང་། ཆེས་རིན་ཐང་བྲལ་བའི་གྱོད་བརྟོལ་དུས་ཡུན་ནི་བྱིས་པ་བོར་སྟོར་བྱུང་བའི་དུས་ཚོད24ཡི་ནང་ཡིན་པས། བླང་བློང་དང་འཚུབ་ཆ་ནི་ཕལ་ཆེར་ང་ཚོ་མི་རེ་རེའི་ཆེས་ཐོག་མའི་སྣང་ཚུལ་ཡིན་མོད། འོན་ཀྱང་ལྷོད་ལ་བབས་ནས་དངོས་ཡོད་ལ་གདོང་ལེན་བྱེད་དགོས།

ཁྱིམ་བདག་གིས་ན་ཆུང་བྱིས་པའི་ལྟ་སྐྱོང་ལ་ཤུགས་སྣོན་བྱེད་དགོས།

1.བྱིས་པ་ཁྱིམ་བདག་གི་མཐོང་སྣེ་ཁྱབ་ཁོངས་ལས་བརྒལ་དུ་འཇུག་མི་རུང་།

2.བྱིས་པ་གཅིག་པུ་རང་ཁྱིམ་དང་ཚོང་ཁང་ནང་དུ་འཇོག་མི་རུང་།

3.བྱིས་པ་མི་ཆ་མེད་ལ་བཅོལ་ནས་ལྟ་རྟོག་བྱེད་དུ་འཇུག་མི་རུང་ཤིང་། བྱིས་པར་བདག་སྐྱོང་བྱེད་པའི་དུས་ཚོད་མེད་ན། རང་གིས་ཡིད་རྟོན་ཆོག་པའི་གཉེན་ཉེ་དང་གྲོགས་པོ་ལ་བཅོལ་དགོས།

4.བྱིས་པ་གཅིག་པུ་ཕྱི་རོལ་དུ་རྩེད་འཇོར་རོལ་དུ་འཇུག་མི་རུང་།

5.བྱིས་པ་ལ་མི་བསམ་ཤེས་ཀྱི་ལྟ་སྐྱོང་མེད་པའི་གནས་ཚུལ་འོག་བྱིས་པ་གཞན་དག་ལ་འགྲོགས་ནས་ཕྱི་རོལ་ལ་འགྲོ་རུ་འཇུག་མི་རུང་།

6.བྱིས་པ་ཁྲིད་ནས་སྒོར་རྩེ་རུ་འགྲོ་དུས་ཉེ་འཁོར་གྱི་གནས་ཚུལ་ལ་མཉམ་བཞག་སྟེ། མི་དང་རླངས་འཁོར་གྱིས་རྗེས་དེད་ཡོད་མེད་གསལ་བོ་ཤེས་དགོས།

7.བྱིས་པ་ལ་ཁྱིམ་ཚང་དང་འབྲེལ་བ་ཡོད་པའི་གནས་ཚུལ་གྱི་བྱ་དངོས་གང་རུང་ཞིག་འདོགས་སུ་འཇུག་དགོས།

8.བྱིས་པ་ཁྲིད་དེ་མི་མེད་ས་སྟོང་དུ་འགྲོ་མི་རུང་ལ། བྱིས་པ་ཁྲིད་དེ་གཞུང་ལམ་སྟེང་འགྲོ་དུས་གང་ནུས་ཀྱིས་ནང་ཕྱོགས་སུ་འགྲོ་རུ་བཅུག་སྟེ། རྒྱབ་ཕྱོགས་ནས་འོངས་བའི་འཕྲུལ་རྟ་དང་རླངས་འཁོར་སོགས་ལ་མཉམ་འཇོག་བྱེད་དགོས།

9.སྨན་ཁང་ནང་དུ་གསར་སྐྱེས་བུ་ཕྲུག་ངོ་མི་ཤེས་པའི་སྨན་བཅོས་མི་སྣ་ལ་སྤྲོད་མི་རུང་ཞིང་། གཉིད་ལོག་སྐབས་ཁང་བའི་སྒོར་ཟྭ་རྒྱག་དགོས།

10.བྱིས་གཉོར་མཁན་མཁོ་དུས་བྱིས་གཉོར་ཚད་ལྡན་ངོ་སྤྲོད་བྱེད་པའི་སྒྲིག་འཛུགས་ལས་ཁུངས་སུ་སོང་ནས་ལས་བསྡུ་བྱེད་དགོས་ཤིང་། བྱིས་གཉོར་མཁན་གྱི་ཐོབ་ཐང་དཔང་ཡིག་བསྐྱར་དཔར་དང་ཉེ་དུས་ཀྱི་འདྲ་པར་གསལ་བོ་ཞིག་ཉར་ཚགས་བྱེད་དགོས།

11.ནམ་རྒྱུན་བྱིས་གཉོར་མཁན་དང་ཁྱིམ་མི་དག་ལ་རང་སྲུང་གི་འདུ་ཤེས་མཐོར་འདེགས་སུ་གཏོང་བའི་གསལ་འདེབས་དང་སློབ་གསོ་གཏོང་དགོས།

12.གལ་ཏེ་ཁྱོད་ནི་ཕྱི་ནས་འོངས་བའི་ངལ་རྩོལ་པ་ཞིག་དང་ཁྱོད་ཀྱི་བྱིས་པ་ལོ3ལས་ཆུང་ཤིང་། སྡོད་གནས་ནི་གྲོང་མཐའི་སྣ་འཛོམས་རང་བཞིན་གྱི་མི་ཚོགས་འཁོར་རྒྱུག་ཅུང་སྟུག་སའི་ས་ཁུལ་ཡིན་ལ། བྱིས་པར་གཏན་ཁེལ་གྱི་ལྟ་སྐྱོང་མཁན་མེད་ན། ཁྱོད་ཀྱིས་དེ་ལས་ལྷག་པའི་སྒོ་ནས་དོན་དག་འདིར་མཐོང་ཆེན་བྱེད་དགོས།

མཁར་གྲོང་དུ་ཞོར་ལས་བྱེད་བཞིན་པའི་ན་གཞོན་བུ་མོ་དག་གི་ཡིད་ལ་འཛིན་བྱ།

1.ལས་ཀ་བཙལ་ན་ཡང་ཚད་ལྡན་གྱི་ངོ་སྤྲོད་སྒྲིག་འཛུགས་ལ་སོང་ནས་ཁྲིམས་མཐུན་གྱི་འགྲོ་རིམ་དང་ཡིད་ཆེས་ཆོག་པའི་གཉེན་ཉེ། གྲོགས་པོ་སོགས་ཀྱི་ངོ་སྤྲོད་བརྒྱུད་ནས་བཙལ་དགོས།

2.རྨོངས་ཚོད་ཀྱིས་ཕྱི་རོལ་དུ་ཞོར་ལས་ལ་འགྲོ་མི་རུང་ཞིང་ཁྲིམས་འགལ་གྱི་ཚགས་པར་དང་གང་སར་སྦྱར་བའི་ལས་བསྡུའི་བརྡ་ཡིག་སོགས་ལ་ཡིད་ཆེས་བྱེད་མི་རུང་།

3.གལ་ཏེ་དངོས་གནས་ཕྱི་རོལ་དུ་ཞོར་ལས་ལ་འགྲོ་དགོས་ཚེ་རབས་ཡིན་ན་གྲོགས་པོ་དང་མཉམ་དུ་འགྲོ་དགོས།

4.ལས་ཀ་མཚམས་སྦྱོར་དང་སྡོད་ཁང་བཙལ་རོགས་བྱེད་པ། ཁྱོད་ཀྱི་གཉེན་ཉེ་ཡི་ཚབ་བྱེད་ས་ཚིགས་སོགས་ཀྱི་རྒྱུ་རྐྱེན་ལ་ཡིད་ཆེས་བྱེད་མི་རུང་ཞིང་། ཁྱོད་ལ་ཆ་རྒྱུས་མེད་པའི་མི་དང་འགྲོགས་ནས་ས་ཆ་ཆ་མེད་ལ་གཏན་ནས་འགྲོ་མི་རུང་།

5.རླངས་འཁོར་ས་ཚིགས་དང་མེ་འཁོར་འབབ་ཚུགས་ཀྱི་ཉེ་འཁོར། དེ་མིན་གཞན་པའི་ཡུལ་དངོས་སུ་འགྲུལ་བ་བསྡུ་བའི་བྱ་སྤྱོད་ལ་འཕྲད་དུས་ངེས་པར་དུ་གཏན་འགོག་བྱེད་དགོས།

6.རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་དང་ཕྱིར་སྐྱོད་དཔང་ཡིག དེ་མིན་ཡིག་ཆ་གལ་ཆེན་བཅས་ལ་བདག་དོམ་ནན་མོ་བྱས་ཏེ། མ་ཡིག་གང་འདོད་དུ་མི་གཞན་པར་སྤྲོད་མི་རུང་། དེའི་ཁོངས་སུ་ལས་བདག་ཡང་འདུ།

7.རང་ཉིད་ཀྱིས་ལས་ཀ་བྱེད་སའི་སྡོད་གནས་ཞིབ་ཚགས་དང་འབྲེལ་གཏུག་ཨང་གྲངས་སོགས་ཁྱིམ་མི་དང་གྲོགས་པོ་དག་ལ་བཤད་དགོས། རབས་ཡིན་ན་རང་ཉིད་ཀྱི་འདུག་རོགས་དང་ལས་གྲོགས། སྦྱིན་བདག་བཅས་ཀྱི་འབྲེལ་གཏུག་ཨང་གྲངས་ཡང་ཁྱིམ་མི་དང་གྲོགས་པོ་དག་ལ་བཤད་དེ་ཁོ་ཚོར་ཁྱོད་ཀྱི་ཁ་ཕྱོགས་ཤེས་སུ་འཇུག་དགོས།

8.རང་གི་ལག་ན་མཁར་གྲོང་དུ་གཟའ་འཁོར་གཉིས་ལྷག་ལ་འདང་ངེས་ཀྱི་སྒོར་མོ་ཡོད་པ་ཁག་ཐེག་བྱེད་དགོས། དེ་མིན་འཚོ་བའི་བཙུར་འདེད་ཀྱི་དབང་གིས་ཁྱོད་རང་ལས་ཀ་ངོ་སྤྲོད་བྱེད་མཁན་ལ་ཡིད་ཆེས་སྐྱེ་སྔ་ངེས།

རྫོགས་སོ།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།