མཚོ་སྔོན་གྱི་བོད་སྨན་ཐོན་སྐྱེད་དང་ཕྱིར་འཚོང་གི་ཚད་གཞི་དེ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་པ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གྲོས་ཚོགས་སྟེང་གསུང་བཤད་གནང་བཞིན་པ།

ཟླ6ཚེས14ཉིན་གྱི་གློག་འཕྲིན། “ང་ཚོས་མང་ཚོགས་དང་འབྲེལ་འདྲིས་ཟབ་པའི་བོད་ལུགས་སྨན་རྫས་ཀྱི་བརྡ་འཕྲིན་མཉམ་སྤྱོད་སྟེགས་བུ་ཞིག་གསར་འཛུགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཡོད་ཚད་དེའི་ཁྲོད་ཟབ་ཞུགས་བྱེད་པ། དུས་ལྟར་སྲིད་ཇུས་ལ་རྒྱུས་ལོན་དང་དུས་བཅད་ལྟར་བསམ་བློ་འབྲེལ་འདྲིས་སྒོས་བོད་ལུགས་གསོ་རིག་གི་སྨན་རྫས་ཐོན་རྫས་ལ་རྣམ་པ་གསར་བའི་བགྲོད་ལམ་ཞིག་སྐྲུན་པར་རོགས་རམ་བྱེད་རྒྱུ་ཡིན”ཞེས་པའི་སྐད་ཆ་ཚན་པ་འདི་ནི། ཚེས13ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་གྱིས་བསྡུས་པའི་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཞབས་ཞུའི་དམངས་ཕན་བྱ་བའི་བཞུགས་མོལ་གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་བཤད་པ་རེད།

ལོ་འདི་དག་གི་རིང་ལ་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཏེ། ཞབས་ཞུའི་མ་ལག་འཐུས་ཚང་ཅན་ཏུ་བཏང་ནས་བོད་སྨན་གྱི་སྐོར་ལ་ཞིབ་འཇུག་གསར་བཟོ་དང་ཐོན་སྐྱེད། ཕྱིར་འཚོང་བཅས་བྱས་ནས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས། མཚོ་སྔོན་ཞིང་ཆེན་བཟོ་ལས་དང་བརྡ་འཕྲིན་ཅན་ཐིན་གྱི་ཐིན་ཀྲང་གོན་པ་ལིའུ་ཞའོ་ཉིང་གི་ངོ་སྤྲོད་བྱས་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ནས་བཟུང་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་བརྡ་འཕྲིན་ཅན་ཐིན་གྱིས་ཁྱོན་བསྡོམས་ཆེད་དོན་མ་དངུལ་སྒོར་ཁྲི1904ལྷག་བཀོད་སྒྲིག་བྱས་ཏེ། ཀྲུང་བོད་ལུགས་གསོ་རིག་སྨན་རྫས་ཐོན་ལས་ཐད་ལ་རྒྱབ་སྐྱོར་བྱེད་པའི་ཚད་གཞི་ཆེས་ཆེར་བཏང་ཡོད་ཟེར།

ཉེ་ལམ་མཚོ་སྔོན་ཀྲུང་བོད་ལུགས་སྨན་རྫས་ཐོན་ལས་ཚོགས་སྤྱིའི་ཆེས་ཐོག་མའི་གཞི་ཁྱོན་དེ་རིམ་བཞིན་གསོ་བ་རིག་པ་དང་ཐོན་སྐྱེད། ཚན་རྩལ་ཞིབ་འཇུག སློབ་གསོ་བཅས་ངོ་བོ་གཅིག་ཅན་གྱི་ཁེ་ལས་གཙོ་བོ་ཞིག་ལ་གྲུབ་ཡོད་པ་མ་ཟད། ཐོན་རྫས་རིགས་མི་འདྲ་བ4ཡི་ཕྱིར་འཚོང་ཡོང་འབབ་ཁོ་ན་ཡང་དུང་ཕྱུར4ལ་བུད་ཡོད་པ་རེད།

དེ་དང་ཆབས་ཅིག2008ལོ་ནས་བཟུང་ཁྱོན་བསྡོམས་བོད་ལུགས་སྨན་སྦྱོར་མི་འདྲ་བ587སྨན་བཅོས་འགན་སྲུང་རྩིས་ཞུའི་ཁྱབ་ཁོངས་ཁྲོད་བཅུག་ཏེ། “བོད་ལུགས་སྨན་སྦྱོར་ལ་རིགས་མང་ཞིང་སྨན་བཅོས་ཀྱི་ཕན་ནུས་ལེགས་པ། རིན་གོང་ཡང་སླ་བས་འབྲོག་ཁུལ་མང་ཚོགས་ཀྱི་དགོས་མཁོ་ངེས་ཅན་ཞིག་སྐོང་ཐུབ་ཡོད”ཞེས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝུའུ་ཧྲི་ཁྲིན་གྱིས་གསར་འགོད་པ་ལ་བཤད་པ་རེད།

རྒྱུས་ལོན་ལས་ཤེས་གསལ་ལྟར་ན། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ཡི་རྒྱབ་སྐྱོར་འོག་མཚོ་སྔོན་གྱིས་སྔ་གཞུག་ཏུ་ཆེད་མཁས་མི་སྣ་འོས་སྦྱོར་བྱས་ཏེ་རྒྱལ་ཁབ་ཀྱི་སྨན་རྫས་དཀར་ཆག་གི་འདྲི་རྟོག་དང་འོས་སྦྱོར་ཁྲོད་ཟབ་ཞུགས་བྱེད་དུ་བཅུག་སྟེ། སྨན་བཅོས་ཕན་ནུས་ལེགས་ཤིང་རིན་གོང་དམའ་བ། བདེ་འཇགས་ཅན་གྱི་བོད་སྨན་མང་པོ་ཞིག་རྒྱལ་ཁབ་རིམ་པའི་སྨན་རྫས་དཀར་ཆག་ཁྲོད་འཇོག་རྒྱུར་བརྩོན་ལེན་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།