མཚོ་སྔོན་གྱིས་སྡེ་བ་རིམ་པའི་རིག་གནས་དོ་དམ་པ་བཀོད་སྒྲིག་བྱེད་པའི་ཚོད་ལྟའི་བྱ་བ་སྤེལ་འགོ་བརྩམས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། གསར་འགོད་པས་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་གྱིས་བསྡུས་པའི་སྲིད་གཞུང་གིས་སྡེ་བ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་ཀྱི་སྤྱི་ཕན་ལས་གནས་མངགས་ཉོ་བྱེད་པའི་ཚོད་ལྟའི་བྱ་བའི་སྐུལ་སྤེལ་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་སྡེ་བ་རིམ་པའི་རིག་གནས་དོ་དམ་པ་བཀོད་སྒྲིག་གི་ཚོད་ལྟའི་བྱ་བ་དངོས་སུ་སྤེལ་འགོ་བརྩམས་ཤིང་། རིག་གནས་དོ་དམ་པའི་དཔུང་སྡེའི་འཛུགས་སྐྲུན་ལ་དམ་འཛིན་སྒོས། སྡེ་བ་རིམ་པའི་རིག་གནས་ལྟེ་གནས་ཀྱི་འབྲེལ་ཡོད་བྱ་བ་ནུས་ལྡན་སྒོས་བསྒྲུབ་ཐུབ་པར་སྐུལ་འདེད་བྱ་རྒྱུ་རེད།

ཉེ་བའི་ལོ་འགའི་རིང་། རང་ཞིང་གིས་མ་དངུལ་གཅིག་བསྡུས་དང་ཐོན་ཁུངས་གཅིག་གྱུར་བྱས་པ་བརྒྱུད། བྱེད་ཐབས་སྣ་མང་བེད་སྤྱད་དེ། སྡེ་བ་རིམ་པའི་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་ཚད་ཆེ་རུ་བཏང་། ད་ཕན། སྡེ་བ་རིམ་པའི་རིག་གནས་ཞབས་ཞུ་ལྟེ་གནས་གཞི་རྩའི་ཆ་ནས་ཞིང་ཆེན་ཡོངས་ལ་ཁེབས་པར་མངོན་འགྱུར་བྱས། སྡེ་བ་རིམ་པའི་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་བཀོལ་སྤྱོད་བྱས་ཏེ། རང་ཞིང་གི་རོང་འབྲོག་ས་ཁུལ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་དང་། རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བར་གསོན་ཤུགས་སྦྱིན་ཐུབ་པར་ནུས་པ་གལ་ཆེན་བཏོན། ཡིན་ནའང་། ལས་བྱེད་མི་སྣ་དཀོན་པས་སྡེ་བ་རིམ་པའི་རིག་གནས་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་དང་བཀོལ་སྤྱོད་ཐད་ལ་ད་རུང་དཀའ་ཁག་ཅུང་ཆེན་པོ་ཡོད་པ་རེད།

རྒྱུས་ལོན་པ་ལྟར་ན། རོང་འབྲོལ་ས་ཁུལ་གྱི་རིག་གནས་བྱ་འགུལ་ལ་སྐུལ་འདེད་དང་སྡེ་བ་རིམ་པའི་རིག་གནས་ཞབས་ཞུའི་ནུས་པ་མཐོ་རུ་གཏང་ཆེད། རང་ཞིང་གིས་སྡེ་བ་རིམ་པའི་རིག་གནས་དོ་དམ་པ་བཀོད་སྒྲིག་གི་ཚོད་ལྟའི་བྱ་བ་འགོ་བརྩམས་ཏེ། སྔོན་ལ་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་མངའ་ཁོངས་ཀྱི་རྫོང(ས་ཁུལ)14དང་སྲིད་འཛིན་སྡེ་བ500ནས་ཚོད་ལྟའི་བྱ་བ་ལག་བསྟར་བྱ་རྒྱུ་ཡིན་ཞིང་། རྩ་དོན་སྟེང་སྡེ་བ་རེར་རིག་གནས་དོ་དམ་པ1རེ་བཀོད་སྒྲིག་བྱ་རྒྱུ་རེད། སྲིད་གཞུང་གིས་སྤྱི་ཕན་ལས་གནས་མངགས་ཉོ་བྱེད་སྟངས་བརྒྱུད་ནས། སྡེ་བ་དེ་གའི་སྤྱི་ཕན་ལས་དོན་ལ་དགའ་མཁན་དང་རིག་རྩལ་གྱི་འཇོན་ནུས་ངེས་ཅན་ལྡན་པའི་དམངས་ཁྲོད་སྒྱུ་རྩལ་པ། རིག་གནས་འཇོན་མི། དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་མཁན། མང་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུར་དགའ་བའི་སློབ་ཆེན་པ་བཅས་ལ་རིག་གནས་དོ་དམ་པ་བསྡུ་བར་དམིགས་གསལ་ཡོད། རིག་གནས་དོ་དམ་པ་ལོ་རེར་ཐེངས་རེར་བསྡུ་རྒྱུ་ཡིན་ཞིང་། རིག་གནས་དོ་དམ་པས་སྡེ་དམངས་ཨུ་ལྷན་གཉིས་ལ་རོགས་འདེགས་དང་སྤྱི་གཞུང་རིག་གནས་སྒྲིག་ཆས་ལ་སྲུང་སྐྱོབ། མང་ཚོགས་ཀྱི་རིག་གནས་བྱ་འགུལ་སྤེལ་པར་རྩ་འཛུགས་བྱེད་པ། སྡེ་བ་དེ་གའི་མང་ཚོགས་ཁྲོད་ཀྱི་རིག་རྩལ་རྐང་འཛིན་པ་དང་རིག་རྩལ་ལ་མོས་པ་ཡོད་མཁན་ལ་གསོ་སྦྱོང་ཟུར་ཁྲིད་བྱེད་པ་སོགས་ཀྱི་བྱ་བའི་འགན་འཁུར་དགོས་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།