ཧོར་རིགས་ཀྱི་གཙག་དྲུབ་དེ་རང་ཞིང་གི་འཐུས་ཚབ་ཏུ་གྱུར་ཏེ་རྒྱལ་ཡོངས་ཀྱི་འགྲན་སྡུར་ཆེན་མོར་ཞུགས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་པའི2019ལོའི་ཀྲུང་གོའི་བུད་མེད་ཀྱི་ལག་ཤེས་ལས་གཏོད་གསར་གཏོད་འགྲན་སྡུར་ཆེན་པོའི་ནུབ་རྒྱུད་ཀྱི་དཔྱད་འདེམས་རྟིང་རྩོད་འགྲན་སྡུར་དེ་ཉེ་ལམ་ཉིང་ཞ་ཡུན་ཁྲོན་དུ་སྤེལ་པ་རེད། མཚོ་སྔོན་གྱི་འཐུས་ཚབ་ཚོགས་པ་ལ་རྒྱུན་འཛིན་ཚོ་ཆུང་དང་ལས་གཏོད་ཚོ་ཆུང་། གསར་གཏོད་ཚོ་ཆུང་བཅས་རྣམ་གྲངས་མི་འདྲ་བ3གྱི་བྱ་དགའ་ཐོབ་པ་རེད། དེའི་ཁྲོད་མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་ཀྱི་གཙག་དྲུབ་གསར་གཏོད་གསར་སྤེལ་དང་ཁྲོམ་རའི་སྒོ་འབྱེད་རྣམ་གྲངས་ལ་མཚན་སྙན་རྒྱས་པ་མ་ཟད། ལས་གཏོད་འགྲན་སྡུར་ཆེན་མོའི་བྱ་དགའ་ཡང་ཐོབ།

ལག་ཤེས་ཐོན་ལས་ཀྱིས་བུད་མེད་དག་གི་དབུལ་སྐྱོར་བྱ་བར་སྔར་ལས་སྐུལ་འདེད་བྱེད་པ་དང་བུད་མེད་ཀྱི་ལས་ཞུགས་བསྡུ་ལེན་བྱེད་པ། བུད་མེད་ཀྱི་ལས་གཏོད་ལ་སྐུལ་འདེད་བྱེད་པ། ལག་ཤེས་རིག་གནས་ཁྲོད་ཀྱི་བྱེད་ནུས་ངེས་ཅན་རྒྱུན་འཛིན་དང་རྒྱ་ཆེའི་བུད་མེད་དག་གི་ལས་གཏོད་ཀྱི་ངར་ཤུགས་ལ་སྐུལ་འདེད་བྱེད་པ། གསོན་ཤུགས་གསར་བ་དང་མི་མངོན་པའི་ནུས་པ་སྔོག་འདོན་བཅས་བྱ་ཆེད། ད་ལོའི་ཟླ5པའི་ནང་རྒྱལ་ཡོངས་བུད་མེད་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་པའི་ཀྲུང་གོའི་བུད་མེད་ཀྱི་ལག་ཤེས་ལས་གཏོད་གསར་གཏོད་འགྲན་སྡུར་ཆེན་མོ་དངོས་སུ་སྒོ་གླེགས་ཕྱེས་པ་རེད། ཐེངས་འདིའི་འགྲན་སྡུར་གྱིས“བུད་མེད་དག་གི་ལས་རིགས་གསར་གཏོད་ཀྱིས་དུས་རབས་གསར་བར་བྱས་རྗེས་འཛུགས་སྐྲུན་བྱེད་པ”ཞེས་པ་བརྗོད་དོན་དུ་བཟུང་ནས་འགྲན་ཁུལ་བགོས་ཏེ་དཔྱད་འདེམས་བྱས། དེ་ཡང་ཤར་རྒྱུད་དང་ལྷོ་རྒྱུད། ནུབ་རྒྱུད། བྱང་རྒྱུད། དབུས་རྒྱུད་བཅས་འགྲན་ཁུལ་ཆེན་མོ5ཡི་འགྲན་ཁུལ་རེ་ནས་རྣམ་གྲངས་མི་འདྲ་བ20དཔྱད་འདེམས་བྱས་ཏེ་རྒྱལ་ཡོངས་ཀྱི་རྟིང་རྩོད་འགྲན་སྡུར་ལ་ཞུགས། ནུབ་རྒྱུད་འགྲན་ཁུལ་དེ་ཉིང་ཞ་བུད་མེད་ལྷན་ཚོགས་ཀྱིས་འགན་སྒྲུབ་བྱས་ཤིང་ཛ་དྲག་གི་འགྲན་སྡུར་བརྒྱུད་མཚོ་སྔོན་ཧོར་གྲོང་ཧོར་རིགས་ཀྱི་གཙག་དྲུབ་སོགས་རྣམ་གྲངས་མི་འདྲ་བ20འབུར་དུ་ཐོན་ནས། ནུབ་རྒྱུད་ཞིང་ཆེན7གྱི་ཚབ་བྱས་ཏེ་ཟླ8པའི་ནང་ཧུའུ་པེ་ཝུའུ་ཧན་དུ་སྤེལ་པའི་ཀྲུང་གོའི་བུད་མེད་ཀྱི་ལག་ཤེས་ལས་གཏོད་ལས་ཞུགས་འགྲན་སྡུར་ཆེན་མོའི་རྟིང་རྩོད་འགྲན་སྡུར་ལ་ཞུགས་དགོས་པ་རེད།

ལོ་འདི་དག་གི་རིང་ལ་ཧོར་གྲོང་རྫོང་གི་ཧོར་རིགས་གཙག་དྲུབ་དེ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ཁྲོད་བཞག་ཡོད་པས་རྣམ་གྲངས་ཐོན་སྐྱེད་ཐད་ལ་སྲུང་སྐྱོབ་རང་བཞིན་གྱི་བྱེད་ནུས་ལེགས་པོ་ཐོན་ཡོད། མུ་མཐུད་དུ་རྒྱུན་འཛིན་བྱེད་པར་ཤུགས་སྣོན་དང་གསར་གཏོད་ཀྱི་ཚད་གཞི་ཆེས་ཆེར་བཏང་པས། ཧོར་རིགས་ཀྱི་གཙག་དྲུབ་དེ་ཞིང་སྡེའི་བུད་མེད་དག་གི་ལས་ཞུགས་ཡོང་སྒོ་འཕར་སྣོན་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་དང་ཆབས་ཅིག་ཀྲུང་གོའི་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཐེབས་རྩ་ཚོགས་པ་སོགས་སྤྱི་ཕན་སྒྲིག་འཛུགས་ནས་ཞིང་ཆེན། གྲོང་ཁྱེར་བུད་མེད་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག་གནད་འཁེལ་དབུལ་སྐྱོར་ཐད་ཧོར་རིགས་ཀྱི་གཙག་དྲུབ་ཐོན་ལས་རྣམ་གྲངས་གཞི་རྟེན་དུ་བཟུང་ནས། “མཉམ་ལས་ཁང+རྟེན་གཞི+ཞིང་ཁྱིམ”བཅས་ཀྱི་ཐོན་སྐྱེད་ལས་གཉེར་རྣམ་པ་སྤྱད་དེ་ཧོར་རིགས་གཙག་དྲུབ་ཀྱི“ཨ་མའི་གསར་བཟོ”མཉམ་ལས་ཁང་གསར་འཛུགས་བྱས། “ཨ་མའི་གསར་བཟོ”མཉམ་ལས་ཁང་གིས་ཝེ་ཧེན་ཧའེ་དང་ཅིན་ཕན་གཙག་དྲུབ་ཀུང་ཟི་སོགས་ཀྱི་ཚོང་ཐོ་དང་ལེན་བྱེད་བཞིན་ཡོད་པ་མ་ཟད། ལྔ་བཅུ་གྲོང་རྡལ་པན་ཡན་སྡེ་བ་དང་ཏུང་ཀུའུ་ཡུལ་ཚོ་སོགས་སུ་ཡང་ཧོར་རིགས་ཀྱི་གཙག་དྲུབ་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་ཏེ། གཙག་དྲུབ་ཐོན་ལས་འཕེལ་རྒྱས་ཀྱི་རྟེན་གཞི་གསར་འཛུགས་དང་གཙག་དྲུབ་ཀྱི་རྣམ་པ་གསར་བའི་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་གང་ཡོད་བཏོན་ནས་སྐུལ་འདེད་བྱས་ཡོད། ད་ལྟ་རྫོང་དེར་གཙག་དྲུབ་ཀྱི་ཐོན་ལས་རྟེན་གཞི་མི་འདྲ་བ8གསར་འཛུགས་བྱས་ཤིང་རྫོང་ཡོངས་ཀྱི་མང་ཚོགས2000ལྷག་གིས་ཐོན་སྐྱེད་དུས་ཡུན་ནང་དུ་མི་རེའི་ཆ་སྙོམས་ཟླ་རེའི་ཡོང་འབབ་སྒོར800ཡས་མས་ཡིན། དེའི་ཁྲོད་དབུལ་ཁྱིམ་མི་གྲངས220ལ་སྣེ་ཁྲིད་དེ་ཟླ་རེའི་ཡོང་འབབ་སྒོར2000ཡས་མས་ཡིན་པ་རེད།

ཐེངས་འདིའི་ཀྲུང་གོའི་བུད་མེད་ཀྱི་ལག་ཤེས་བཟོ་ལས་གསར་གཏོད་ལས་གཏོད་འགྲན་སྡུར་ཆེན་མོའི་གོ་སྐབས་དང་བསྟུན་ནས། “མཛེས་སྡུག་གི་མཚོ་སྔོན། མཛེས་སྡུག་གི་ཧོར་གྲོང”ཞེས་པའི་ཡུལ་སྐོར་རིག་གནས་གསར་གཏོད་ཐོན་རྫས་ཀྱི་སྤུས་ཚད་ལེགས་པོ་དང་ཧོར་རིགས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐུན་མིན་ཁྱད་འཕགས་རྒྱུན་འཛིན་བཅས་ཀྱིས་ཧོར་རིགས་ཀྱི་གཙག་དྲུབ་བརྩམས་ཆོས་ཐད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།