ཀྲུང་གོ་མི་དམངས་སློབ་ཆེན་གྱི་འབྲེལ་ཡོད་འགན་འཁུར་བ་མཚོ་སྔོན་དུ་ཡོང་ནས་ཞིང་ཆེན་དང་སློབ་གྲྭའི་མཉམ་ལས་ལས་དོན་ལ་གྲོས་མོལ་བྱས་པ།

ཟླ6པའི་ཚེས11ཉིན་ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཏུའུ་ཕུང་དང་བཅས་པ་མཚོ་སྔོན་དུ་ཕེབས་ནས་ལེགས་ཆ་གསབ་རེས་དང་། དངོས་ཕན་དོན་གཉེར། འཕེལ་རྒྱས་མཉམ་གཉེར། འཐབ་ཇུས་གཉིས་ཕན་བཅས་ཀྱི་རྩ་དོན་ལ་གཞིགས་ནས་ཞིང་ཆེན་དང་སློབ་གྲྭའི་མཉམ་ལས་ལས་དོན་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྲོས་མོལ་གནང་བ་རེད། ཧྲེན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ཏེ་ཏུའུ་ཕུང་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

ལིའུ་ཐའོ་ཡིས་རང་ཞིང་གི་ཞིང་ཆེན་གནས་ཚུལ་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་གནང་ཞོར་བསྟན་དོན། 2016ལོར་ཀྲུང་གོ་མི་དམངས་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་དབར་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་བཞག་ཚུན། སློབ་གྲྭས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་སུ་ཡོད་པའི་སློབ་གཉེར་ཁྱད་ཆོས་དང་རིག་ཚན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་ལ་སྒེར་སེམས་མེད་པའི་རོགས་རམ་དང་རྒྱབ་སྐྱོར་ཆེན་པོ་བྱས་པ་ཡིས་མཚོ་སྔོན་མི་རིགས་སློབ་ཆེན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

ལིའུ་ཐའོ་ཡིས་ཐེངས་འདིའི་ཚོང་ཚོགས་ཀྱིས་ཞིང་ཆེན་དང་སློབ་གྲྭའི་མཉམ་ལས་ལ་འབྲེལ་བ་བཙུགས་པ་དེ་ནི་ཀྲུང་གོ་མི་དམངས་སློབ་ཆེན་གྱིས་རིག་ཚན་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་བའི་ཞིབ་ཕྲའི་བྱ་ཐབས་ཤིག་དང་། ཤར་རྒྱུད་མཐོ་སློབ་ཀྱིས་དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་དང་སློབ་གསོ་པུའི་བྱ་ཐབས་ནུས་ལྡན་ཞིག་རེད། ཀྲུང་གོ་མི་དམངས་སློབ་ཆེན་གྱིས་རིག་ཚན་ཆེད་ལས་ཀྱི་ལེགས་ཆ་དང་ཚན་ཞིབ་ཀྱི་དངོས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་གཉིས་པོས་སློབ་གསོ་དང་། ཚན་རྩལ། རིག་གནས། ཤེས་ལྡན་མི་སྣ་སོགས་རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཐབས་ཇུས་བློ་འདྲི་དང་། ཚན་རྩལ་གསར་གཏོད། ཐོན་ལས་རིམ་སྤོར། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ལྷག་པར་དུ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ཁྲིམས་རིག་པའི་རིག་ཚན་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་ཐད་མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་ནས་སློབ་གཉེར་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་ཞེསབསྟན་པ་རེད།

ཏུའུ་ཕུང་གིས་ཕྱོགས་གཉིས་པོས་མཉམ་ལས་བྱེད་རིང་ཀྲུང་གོ་མི་དམངས་སློབ་ཆེན་གྱི་རིག་ཚན་ལེགས་ཆ་དང་རང་ཞིང་གི་ཁྱད་ལྡན་ཐོན་ཁུངས་ཟུང་འབྲེལ་བྱས་ཏེ་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་། ཤེས་ལྡན་པ་གསོ་སྐྱོང་། ལས་བྱེད་པ་གསོ་སྦྱོང་སོགས་ཀྱི་ཐད་ཕན་ཚུན་སྐུལ་འདེད་དང་ཕན་ཚུན་རིམ་སྤོར་བྱེད་དགོས་ཞེས་བཤད་པ་རེད། 

ལོ་ཙཱ་བ།རྟ་མགྲིན་དཔལ།