ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གིས་ཡུལ་དངོས་ནས་མཚོ་སྔོན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་འཛིང་གྲུབ་འབྲས་ལ་མཛུབ་སྟོན་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུ་ལྟར་ན།སྤྱི་ཟླ6པའི་ཚེས11ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་ཚན་གཙོ་ཝུའུ་ཞུན་ཞུང་དང་ཚན་གཙོ་གཞོན་པ་ཏུའུ་ཝན་ཧྭ། སྤྱིའི་འབྲེལ་གཏུག་པ་ཧྭ་ཧྥིན་ཙུང་བཅས་ཀྱིས་སྣེ་ཁྲིད་པའི་རྟོག་ཞིབ་ཚན་ཁག་གིས་ཡུལ་དངོས་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས་ནས། ཞིང་ཆེན་ནག་འཇོམས་ངན་སེལ་གཞུང་སྒྲུབ་ཁང་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྤྱི་བདེ་ཐིན་བཅས་ཀྱི་ལས་གནས་སྟེང་གི་ལས་བྱེད་ཉེན་རྟོག་པར་འཚམས་འདྲི་ལྟ་སྐྱོང་བྱས་པ་ལས་གཞན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་ལྟ་སྐུལ་མཛུབ་སྟོན་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པེ་བཅས་གོང་གསལ་བྱ་འགུལ་ལ་ཞུགས་པ་རེད།

ཝུའུ་ཞུན་ཞུང་གིས་བསྟན་དོན། ཀྲུང་དབྱང་གིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་བཀོད་སྒྲིག་བྱས་ཏེ་དངོས་སུ་ལག་ལེན་ལ་བསྟར་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུས་བློ་ཐག་རྦད་ཆོད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་ནས། སེམས་ཞིབ་མོས་རྩ་འཛུགས་དང་ཤུགས་ཆེན་པོས་མཚོ་སྔོན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་སྐུལ་འདེད་བཏང་ནས་དེ་བསྟུན་གྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། གྲུབ་འབྲས་འདི་ནི་ཏང་ཀྲུང་དབྱང་གི་ཇུས་ཆོད་འཐུས་ཚང་དང་བཀོད་སྒྲིག་ལེགས་པོ་ལས་བྱུང་བར་ཐེ་ཚོམ་མེད་ཅིང་། ཞིང་ཆེན་ཏང་ཨུའི་དངོས་འབེབས་རྦད་ཆོད་དང་དངོས་འབེབས་བདེན་གཉེར་གྱི་བྱེད་ཕྱོགས་ལས་ཀྱང་བྱུང་བ་ཡིན། དེ་མིན་ད་དུང་རྒྱ་ཆེ་བའི་ལས་གནས་སྟེང་གི་ལས་བྱེད་ཉེན་རྟོག་པའི་དཀའ་སྤྱད་འབད་འཐབ་དང་བློས་གཏོང་ཚད་མེད་ལས་ཀྱང་བྱུང་བ་ཡིན། ཐེངས་འདིའི་གོ་སྐབས་སྤྱད་དེ། ངས་ཀྲུང་དབྱང་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལྟ་སྐུལ་མཛུབ་སྟོན་ཚན་ཁག་ཐེངས18པའི་ཚབ་བྱས་ཏེ། ནག་འཇོམས་ངན་སེལ་གྱི་ལས་དོན་ལ་འབད་འཐབ་བྱེད་ཀྱིན་པའི་ལས་གནས་སྟེང་གི་ལས་བྱེད་ཉེན་རྟོག་པ་དང་ལས་བཟོ་བ་ཡོངས་ལ་གུས་འདུད་བླ་མེད་ཞུས་པར་མ་ཟད། ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ཁོ་ཚོར་འཚམས་འདྲི་བྱས་པ་ཡིན་ཟེར།

རིམ་པ་སོ་སོའི་སྡེ་ཁག་གིས་དྲིལ་སྒྲོག་ལ་ཤུགས་སྣོན་དང་ལག་ལེན་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས། མཚོ་སྔོན་གྱི་ས་གནས་སོ་སོའི་ཁྱད་ཆོས་དང་གཞི་གཅིག་ཏུ་སྦྲེལ་ཏེ། ཕྱོགས་བསྡུས་སྒོས་སྲོལ་རྒྱུན་སྨྱན་བྱེད་དང་བསྐྱར་དར་སྨྱན་བྱེད་བཀོལ་སྤྱོད་བྱས་ནས། སྐད་བརྡ་སྣ་མང་དང་བྱེད་ཕྱོགས་སྣ་མང་སྤྱད་དེ། ཧུར་བརྩོན་ཆེན་པོས་གྱོད་གཞི་ལ་བརྟེན་ནས་ཁྲིམས་བཤད་རྒྱུ་དང་གྱོད་དོན་ལ་བརྟེན་ནས་ཁྲིམས་ལ་འགྲེལ་བཤད་རྒྱག་པ། རྒྱ་ཆེ་བའི་མང་ཚོགས་ལ་ནག་འཇོམས་ངན་སེལ་གྱི་སྲིད་ཇུས་དང་ཕན་འབྲས་དྲིལ་སྒྲོག་གང་ལེགས་བྱེད་དགོས་པར་མ་ཟད། ཁོ་ཚོར་ཏང་ཨུ་དང་སྲིད་གཞུང་གི་ནག་འཇོམས་ངན་སེལ་སྤེལ་བཞིན་པའི་ཆོད་སེམས་བརྟན་པོ་རྟོགས་སུ་འཇུག་དགོས་ལ། དེ་མིན་ད་དུང་མི་དམངས་མང་ཚོགས་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་པར་སྐུལ་སློང་བྱས་ནས། ནག་འཇོམས་ངན་སེལ་བྱ་བ་བཟང་པོར་བསྒྲུབ་དགོས་ཟེར།

ལོ་ཙཱ་བ། ཤ་མོ་འཚོ།