མཚོ་ལྷོ་ཁུལ་གྱིས“མཚོ་སྔོན་གྲོས་མོལ་འདུ་ཚོགས”ལ་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱས་པ།  

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་གྲོས་མོལ་ཚོགས་འདུའི་དུས་འགོའི་གྲ་སྒྲིག་བྱ་བ་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མཚོ་སྔོན་གྲོས་མོལ་ཚོགས་འདུའི་སྤྱིའི་ཇུས་གཞི་བཟོས་ཤིང་གཤམ་དུ་སྤྲད་པ་བརྒྱུད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲིའི་ལས་བགོས་གཞིར་བཟུང་སྟེ། ཕྱོགས་མང་པོའི་འབྲེལ་གཏུག་འབྲེལ་མཐུད་དང་འབད་བརྩོན་བྱས་པ་བརྒྱུད་དེ། ད་ལྟའི་བར་དུ་མཚོ་ལྷོ་ཁུལ་གྱིས་ཐོག་མར་གན་རྒྱ་འཇོག་རྩིས་ཡོད་པའི་ལས་གཞི13ལག་བསྟར་བྱས་ཤིང་། བསྡོམས་པའི་སྒོར་དུང་ཕྱུར26.85བཏང་སྟེ། གྲ་སྒྲིག་བྱ་བ་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

རྒྱུས་ལོན་བྱས་པ་ལྟར་ན། སྐབས་འདིའི་མཚོ་སྔོན་གྲོས་མོལ་ཚོགས་འདུའི་མཚོ་ལྷོ་ཁུལ་གྱིས་གན་འཇོག་ལས་གཞི་ལག་བསྟར་དང་། ཡུལ་སྐོར་ཚོང་པའི་གདན་ཞུ། སྣེ་ལེན། འགྲེམ་སྟོན་སོགས་ཀྱི་བྱ་བར་སྔར་བས་ཞིབ་ཚགས་དང་ལག་བསྟར་བྱ་རྒྱུ་དང་། ཡུལ་སྐོར་ཚོང་པའི་གྲོས་མོལ་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏང་བ། མཚོ་སྔོན་གྲོས་མོལ་ཚོགས་འདུའི་ལས་སྟེགས་བརྒྱུད་ནས་མཚོ་ལྷོ་ཁུལ་གྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་གཟུགས་བརྙན་གསར་པ་བཏོད་ནས། ཚོང་འགུག་དངུལ་འདྲེན་གྱི་ལས་གཞིར་མིང་རྟགས་འགོད་པ། ཚོང་དང་མ་རྩ་དམིགས་སར་འབྱོར་བ། འགྲེམ་སྟོན་ནང་ཞུགས་པའི་འགྲེམ་ཞུགས་བཅས་ཀྱི་བྱ་བར་སྔར་བས་ལེགས་སུ་འགྲོ་རྒྱུར་བརྩོན་ལེན་བྱ་དགོས། དེང་སྐབས། མཚོ་ལྷོ་ཁུལ་གྱི་ཚོགས་རའི་འགྲེམ་སྟོན་བྱ་བའི་ཁྲོད་ཨར་ལས་བཀོད་སྒྲིག་དེ་གློག་སྒམ་ནང་དོན་དང་པར་རིས་དཔྱད་གཞི་འཚོལ་བསྡུ་བྱེད་པའི་དུས་མཚམས་སུ་བསླེབས་ནས་འཐུས་སྒོ་ཇེ་ཚང་དུ་གཏང་བའི་བྱ་བ་བརྟན་པོའི་ངང་སྤེལ་བཞིན་ཡོད་པ་རེད།

གཞན་ཡང་སྐབས་འདིའི་མཚོ་སྔོན་གྲོས་མོལ་ཚོགས་འདུའི་ཁྲོད་མཚོ་ལྷོ་ཁུལ་གྱིས་འགྲོ་ལུགས་གཉེར་རིམ་སྔར་བས་སྟབས་བདེ་དང་། སྒྲུབ་གཉེར་དུས་བཀག་ཐུང་དུ་གཏང་དགོས། གཙོ་གནད་ལས་གཞིར“གནས་གཅིག་དང་གནད་གཅིག་ལ་ཁ་གཏད་འཇལ་པའི”བརྒྱུད་རིམ་ཧྲིལ་པོ་མཐུན་སྦྱོར་དང་རྗེས་སྙེག་ཞབས་ཞུ་བྱ་རྒྱུ་དང་། ཚོང་འགུག་དངུལ་འདྲེན་གྱི་གྲུབ་འབྲས་ཐོབ་ཚད་དང་དངོས་ཕན་རང་བཞིན་མཐོ་རུ་ཏན་ཏིག་བཏང་ནས། སྐབས་ཉི་ཤུ་པའི་མཚོ་སྔོན་གྲོས་མོལ་ཚོགས་འདུའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུ་བསྟན།

ལོ་ཙཱ་བ། གཡང་སྐྱིད།