ཞིང་ཆེན་ཐད་གཏོགས་ལས་ཁུངས་རླུང་འཕྲིན་ལུས་སྦྱོང་སྤྱི་ཚོགས་ལུས་རྩལ་ཁྲིད་སྟོན་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་རླུང་འཕྲིན་ལུས་སྦྱོང་ཨང་དགུ་པའི་སྤྱི་ཚོགས་ལུས་རྩལ་ཁྲིད་སྟོན་པའི་གསོ་སྦྱོང་འཛིན་གྲྭ་དེ་ཟི་ལིང་གྲོང་ཁྱེར་ལྷོ་སྒོ་ལུས་རྩལ་ཐང་དུ་གཉེར་བ་རེད། ཐེངས་འདིའི་གསོ་སྦྱོང་དེ་ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ལུས་རྩལ་ཅུའུ་ཡིས་གཙོ་གཉེར་བྱས་ཤིང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ120ནས་ཡོང་བའི་མི་སྣ210ལྷག་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

ཞིང་ཆེན་ཐད་གཏོགས་ལས་ཁུངས་སུ་རླུང་འཕྲིན་ལུས་སྦྱོང་ཁྱབ་གདལ་དང་བྱ་བ་བྱེད་སྐབས་ངལ་གསོ་བར་ཀྱི་ལུས་སྦྱོང་ལམ་ལུགས་ལག་བསྟར་བྱ་རྒྱུ་ནི། དམངས་ཡོངས་ཀྱི་ལུས་སྦྱོང་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་བདེ་ཐང་ཀྲུང་གོ་དང་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་བའི་ཞིབ་ཕྲའི་བྱ་ཐབས་གྲས་ཤིག་ཡིན་པས། རྒྱ་ཆེའི་ལས་བྱེད་པའི་ལུས་སྦྱོང་འདུ་ཤེས་གཏིང་ཟབ་དང་བདེ་ཐང་ཆུ་ཚད་མཐོ་རུ་གཏང་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད།

ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཚན་པ་ཁག་གི་རླུང་འཕྲིན་ལུས་སྦྱོང་ཁྱབ་གདལ་གཏང་བའི་བྱ་བའི་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགོ་ཁྲིད་སྒྲིག་གཞིའམ་མཐུན་སྦྱོར་ལམ་སྲོལ་འཛུགས་པ། འགན་འཁྲིའི་སྡེ་ཚན་ཁ་གསལ་བཟོ་བ། ཆེད་མི་དམིགས་འཛུགས་ཀྱིས་འགན་འཁུར་བ་བཅས་བྱ་དགོས་པ་མ་ཟད། ཚན་པ་དེའི་དོན་དངོས་ལ་གཞིགས་ནས་ཁྱབ་གདལ་གྱི་ཇུས་གཞི་ཞིབ་འཇུག་བྱས་ནས་བཟོས་ཏེ་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུ་དང་།སྨྱན་མང་གཟུགས་དང་། རླུང་འཕྲིན་ལུས་སྦྱོང་གི་དབྱེ་ཕྲལ་འགུལ་སྟངས་བརྙན་ལམ་དང་པར་རིས་སོགས་སློབ་ཁྲིད་ཀྱི་སློབ་ཚན་གང་ལེགས་སྤྱད་དེ་དྲིལ་སྒྲོག་ཁྱབ་གདལ་གཏང་བ། དམངས་ཡོངས་ཀྱི་ལུས་སྦྱོང་ཉིན་མོ། ལུས་རྩལ་འགྲན་ཚོགས་སོགས་ལས་སྟེགས་སྣ་ཚོགས་སྤྱད་དེ་འཁྲབ་སྟོན་དང་འགྲེམས་སྟོན་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། རླུང་འཕྲིན་ལུས་སྦྱོང་ཁྱབ་གདལ་དང་བྱ་བ་བྱེད་སྐབས་ཀྱི་ལུས་སྦྱོང་ལམ་ལུགས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་ཚན་པ་ཁག་གི་བྱེད་སྟངས་བཟང་པོ་དྲིལ་སྒྲོག་དང་ཁྱབ་གདལ་བྱས་ནས་བྱེད་ཐབས་ངེས་ཅན་སྤྱད་དེ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་རེད།

ལོ་ཙཱ་བ། གཡང་སྐྱིད།