ལོ་ངོ་ཞེ་གཉིས་རིང་གི་མཐོ་རྒྱུགས་ལ་དྲན་གསོ་ཞུ་བ། ཁྱོད་ཀྱིས་ལོ་དེ་བརྗེད་ཡོད་དམ།


2019ལོའི་མཐོ་རྒྱུགས་ཉིན་འགའི་སྔོན་བླངས་ཚར། ད་ལོའི་མཐོ་རྒྱུགས་ཀྱི་ནང་དུ་རྒྱལ་ཡོངས་ཀྱི་སློབ་མ་ཁྲི1031ཞུགས་ཡོད་པ་རེད།

མཐོ་རྒྱུགས་ཀྱི་ལམ་ཁ་འདི་བརྒྱུད་མྱོང་བའི་ཁྱེད་ཀྱིས་དེ་དུས་ཀྱི་རྣམ་པ་དེ་ཡིད་ལ་དྲན་བྱུང་ངམ།

1977ལོ་ནས་ད་བར་དུ་མཐོ་རྒྱུགས་སླར་གསོ་བྱས་ནས་ལོ་ངོ་ཞེ་གཉིས་ཕྱིན་ཡོད། དེའི་རིང་གི་མཐོ་རྒྱུགས་གནས་ཚུལ་ལ་ཕྱིར་ལྟ་ཞིག་བྱེད་ལ། མཉམ་དུ་ཁྱེད་དང་ང་ཚོ་ཚང་མ་མཐོ་རྒྱུགས་ལ་ཞུགས་པའི་ལོ་དེར་ཚུལ་ག་འདྲ་ཞིག་ཡིན་པ་གཤམ་གྱི་པར་རིས་བརྒྱུད་ནས་རོལ་མྱོང་ཞིག་བྱའོ། །


2019ལོར་ཅི་ནན་ཞིང་ཆེན་གྱི་མཐོ་རྒྱུགས་བྱེད་སར། ཁྱིམ་བདག་ཅིག་གིས་ལག་ཏུ་ཉི་མ་མེ་ཏོག་ཐོགས་ཏེ་སེམས་ཁྲལ་དང་བཅས་བྱིས་པར་སྒུག་ནས་བསྡད་ཡོད་པའི་ཚུལ། ཁྱིམ་བདག་མང་པོ་ཞིག་གིས་ཉི་མ་མེ་ཏོག་ནི“རྣམ་པར་རྒྱལ་པའི་”མཚོན་བྱེད་དུ་འཇོག་པ་རེད། 


2018ལོར00ལོའི་རྗེས་ཀྱི་ན་གཞོན་སྐོར་ཐོག་མ་མཐོ་རྒྱུགས་ལ་ཞུགས། འདི་ནི་ཅི་ཀང་མཐོ་རིམ་སློབ་འབྲིང་གི་སློབ་མ་གསུམ་གྱིས“ཡིད་ཆེས་བརྟན་པོས་ངང་ནས་མཛེས་པའི་མི་ཚེ་ལ་འབད”ཅེས་རང་ལ་གདམས་པའི་ཚིག་རེད།

2017ལོར་ཧྲན་ཞིའི་དགེ་འོས་སློབ་ཆེན་གྱི་ཟུར་གཏོགས་སློབ་འབྲིང་གི་རྒྱུགས་ལེན་སར་སློབ་མ་ཞིག་སྔུན་ལ་རྒྱུགས་རར་ཡོང་སྟེ་གནས་ཚུལ་ལ་ལྟ་བའི་ཚུལ།

2016ལོའི་མཐོ་རྒྱུགས་ནི་“རྒྱུགས་གཞི་རྐུ་འབྲི་ལ་བཅའ་ཁྲིམས”བཏོན་རྗེས་སུ་བླངས་པའི་རྒྱུགས་ཐོག་མ་ཡིན་པ་མ་ཟད། “འཛམ་གླིང་ཐོག་རྒྱུགས་རའི་སྒྲིག་ལམ་ཆེས་གཟབ་ནན”ཡིན་པའི་རྒྱུགས་ར་ཞིག་རེད། ཧྥུ་ཀྲོའུ་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུ་རྒྱུགས་གཞི་ལ་སྐུད་མེད་ལྟ་རྟོག་གི་མཉམ་འབྲེལ་ཚན་ཆུང་བཙུགས་ཤིང་། ཆེད་དུ་ལག་རྩལ་པ་མངགས་ཏེ། ཧྥུ་ཀྲོའུ་གྲོང་ཁྱེར་གྱི་རྒྱུགས་ར་སོ་སོར་ལྟ་རྟོག་བྱེད་པའི་སྐུད་མེད་ལྟ་ཞིབ་ཚད་ལེན་དང་། གསང་ཉན་སོགས་ཐབས་མང་པོ་བཀོལ་ནས་མཐོ་རྒྱུགས་དྲང་གཞག འདྲ་མཉམ་ཡོང་བ་ལ་འགན་སྲུང་གང་ལེགས་བྱས།

2015ལོའི་ཟླ6ཚེས14ཉིན། པེ་ཅིང་གི་ཀྲུང་གོའི་སྨྱན་བྱེད་སློབ་ཆེན་གྱི་རྒྱུགས་རར་རྒྱུགས་ཞུགས་སློབ་མ་གྲལ་བསྒྲིགས་ནས་བསྐྱོད་བཞིན་ཡོད། སློབ་གསོ་པུའུ་ཡི་གཏན་འབེབས་ལྟར། 2015ལོར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་རང་བདག་སློབ་བསྡུའི་རྒྱུགས་གཞི་དེ་མཐོ་རྒྱུགས་མཇུག་སྒྲིལ་བའི་རྗེས་སུ་ལེན་པའི་སྲོལ་ཐོག་མ་སྤེལ་ཞིང་། ཟླ6ཚེས22རྒྱུགས་དོན་ཡོངས་སུ་མཇུག་རྫོགས། རྒྱལ་ཡོངས་ཀྱི་སློབ་གྲྭ102ཡིས་སོ་སོ་ནས་རང་བདག་གི་སློབ་བསྡུ་རྒྱུགས་གཞི་བླངས།

2014ལོར་ཅི་ནན་གྱི་མཐོ་རྒྱུགས་ལེན་སའི་སྒོ་ཁར་སློབ་མ་ཞིག་ཤུགས་ཀྱིས་རྒྱུགས་རའི་ཕྱོགས་ལ་རྒྱུག་བཞིན་པའི་ཚུལ། སྐར་མ་འགའ་འགྱངས་ཚེ་རྒྱུགས་རའི་སྒོ་རྒྱག་རིན་ལ་ཐོན་འགྲོ་བ་རེད།


2013ལོར་ཅི་ནན་གྱི་སློབ་མ་གཉིས་རྒྱུགས་ར་ནས་ཕྱིར་ལོག་རྗེས་ཁ་བརྡ་བྱེད་པའི་ཚུལ།

2012ལོའི་ཟླ6ཚེས7ཉིན། ཧྲན་ཏུང་ཞིང་ཆེན་གྱི་ཉམས་ཞིབ་སློབ་འབྲིང་ནས་རྒྱུགས་དང་པོ་བླངས་ཚར་རྗེས་སློབ་མ་རྣམས་ཕྱིར་ལོག་བཞིན་པའི་ཚུལ། ཉིན་དེ་ནི2012ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཉིན་དང་པོ་ཡིན་ཞིང་། ཁྱོན་བསྡོམས་སློབ་མ་ཁྲི915རྒྱུགས་ལེན་ལ་ཞུགས་ཡོད་པ་རེད། 
2011ལོར་ཅི་ནན་ཧྲ་ཧྲི་ཟུར་གཏོགས་སློབ་འབྲིང་གི་རྒྱུགས་ལེན་སར་ཨ་ཕ་ཞིག་གིས་མེ་ཏོག་བཟུང་ནས་བྱིས་པའི་མཐོ་རྒྱུགས་བླངས་ཚར་བ་ལ་རྟེན་འབྲེལ་ཞུ་བའི་ཚུལ། 

2010ལོར་ཅི་ནན་ཞིང་ཆེན་གྱི་ཉམས་ཞིབ་སློབ་འབྲིང་གི་རྒྱུགས་ལེན་སར་ཚ་བ་ཧ་ཅང་ཆེ་ན་ཡང་སློབ་གྲྭའི་ཉེ་འཁོར་དུ་ཁྱིམ་བདག་གིས་ཁེངས་ཡོད་པ་མ་ཟད། དེ་ལས་ཁྱིམ་བདག་མང་པོ་ཞིག་གིས་རྒྱུགས་ལེན་སའི་སློབ་གྲྭའི་ཉེ་འཁོར་དུ་མགྲོན་ཁང་བཀོད་སྒྲིག་བྱས་ནས་བྱིས་པས་ངལ་ཡག་པོ་གསོ་བར་ཁོར་ཡུག་བསྐྲུན།

2009ལོའི་མཐོ་རྒྱུགས། གཡོན་ཕྱོགས་ཀྱི་པར་ནི་ཟླ6ཚེས7ཉིན་གྱི་སྔ་དྲོའི་ཆུ་ཚོད7:50ཐོག་ཆིང་ཏའོ་གྲོང་ཁྱེར་གྱི་སློབ་འབྲིང་ཨང16པས་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་ཚུལ་རེད། གཡས་ཕྱོགས་ཀྱི་པར་ན་ནི་ཟླ6ཚེས7ཉིན་གྱི་སྔ་དྲོའི་ཆུ་ཚོད11:40ཐོག་ཆིང་ཏའོ་གྲོང་ཁྱེར་གྱི་སློབ་འབྲིང་ཨང16པའི་རྒྱུགས་ཞུགས་སློབ་མ་སྐོར་དང་པོ་རྒྱུགས་ར་ནས་ཕྱིར་ལོག་བཞིན་པའི་ཚུལ།

2008ལོའི་ཟླ7ཚེས3ཉིན་སི་ཁྲོན་གྱི་ས་ཡོམ་གནོད་ཁུལ་ནས་དུས་ཚོད་ཕྱི་བསྣུར་གྱིས་མཐོ་རྒྱུགས་བླངས། ཏེ་དབྱང་མི་དམངས་སྨན་ཁང་གི“ནད་ཁང་རྒྱུགས་ར”ཡི་ནང་དུ། ཏུང་ཆི་སློབ་འབྲིང་གི་རྒྱུགས་ཞུགས་སློབ་མས་རྒྱུགས་གཞི་ལ་དྲི་བ་འདེབས་བཞིན་པའི་ཚུལ། ལོ་དེར་ཧྲན་ཏུང་ཞིང་ཆེན་གྱི་སློབ་མ་ཁྲི74.2ལྷག་མཐོ་རིམ་དཀྱུས་མའི་རྒྱུགས་ལེན་ལ་ཞུགས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། 

2007ལོའི་ཟླ5ཚེས31ཉིན། ཧྲན་ཏུང་ཝེ་ཧྥང་སློབ་འབྲིང་དང་པོའི་མཐོ་གསུམ་སློབ་མས་མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་པའི་བར་གསེང་ཙམ། གཟའ་གཅིག་གི་རྗེས་ནས་མཐོ་རྒྱུགས་ལ་ཞུགས་དགོས་པ་རེད། 2007ལོ་ནི་དྲན་གསོ་བྱེད་འོས་པའི་ལོ་ཞིག་སྟེ། ལོ་དེ་ནི་མཐོ་རྒྱུགས་ཀྱི་ལམ་ལུགས་སླར་གསོས་པའི་རྗེས་ཀྱི་ལོ30པ་ཡིན་ཞིང་། རྒྱུགས་ཞུགས་སློབ་མའི་ཁ་གྲངས་ཀྱང་ལོ་དེར་ཁྲི1000ལས་བརྒལ་བ་བྱུང་།

2006ལོའི་མཐོ་རྒྱུགས་སྐབས་སུ། རྒྱལ་ཡོངས་ཀྱི་ས་གནས་མང་པོས་རང་བདག་ནས་རྒྱུགས་གཞི་བཟོ་བ་དང་། རང་བདག་ནས་རྒྱུགས་ལེན་ནང་དོན་གཏན་འབེབས་བྱས་པ་དང་། རྒྱུགས་ལེན་གྱི་གོ་རིམ་དྲང་བཞག་འདྲ་མཉམ་ཡོང་བར་ཁག་ཐེག་བྱ་ཆེད་བརྙན་མིག་བཀོལ་སྤྱོད་ཀྱི་འགོ་བརྩམས། འདི་ནི་ཟླ5ཚེས29ཉིན་པེ་ཅིང་གྲོང་ཁྱེར་ཧའེ་ཏིན་ཆུས་རྒྱུགས་ལེན་ལྟེ་གནས་ཀྱི་སྐོར་ཞིབ་མ་ལག་གི་ལྟ་རྟོག་ཚོམས་ཆེན་རེད།

2005ལོར་ཅི་ནན་མཐོ་འབྲིང་དང་པོའི་རྒྱུགས་ལེན་ར་བར་སློབ་མས་རྒྱུགས་ཤོག་འབྲི་བཞིན་པའི་ཚུལ། 

2004ལོའི་ཟླ6ཚེས7ཉིན་ལོ་རྒན63སོན་པའི་རྒད་པོ་ཙོའུ་ཝེ་མའེ་ཡིས་ཀྲེ་ཅང་ཅ་ཞན་ཧའེ་ཉིང་མཐོ་འབྲིང་དང་པོའི་རྒྱུགས་རར་ཞུགས། ད་ལྟ་འདི་ལྟ་བུའི་བགྲེས་སོང་མཐོ་རྒྱུགས་ལ་ཞུགས་ཚུལ་རྒྱུན་ལྡན་དུ་གྱུར་ཡོད།

2003ལོའི་ཟླ6ཚེས7ཉིན། “ས་སི་ནད་ཡམས”བྱུང་བའི་སྐབས་སུ་མཐོ་རྒྱུགས་དུས་ལྟར་བླངས་ན་ཡང་། རྒྱུགས་ཞུགས་སློབ་མའི་བདེ་འཇགས་ལ་འགན་སྲུང་བྱ་ཆེད་དུ་སློབ་མ་རེ་རེར་ལུས་ཀྱི་ཚ་གྲང་ཚད་ལེན་བྱེད་དགོས་བྱུང་། ལོ་དེར་སློབ་བསྡུ་ཆ་འཕྲིན་ཅན་དུ་བཏང་ནས་བཀོལ་སྤྱོད་རྒྱ་ཁྱབ་ཏུ་དར་ཡོད་པས། དྲ་ལམ་ནས་འདོད་མོས་སྐོང་འགོ་བརྩམས། དུས་དེ་ནས་བཟུང་། རྒྱུགས་ཞུགས་སློབ་མས་རང་ཁྱིམ་ནས་ཐད་ཀར་འདོད་མོས་བསྐོང་བ་དང་རྒྱུགས་འཕྲོད་ཡོད་མེད་ལ་རྩད་འདྲི་བྱེད་ཆོག་པར་གྱུར། དེ་མ་ཟད་ལོ་དེར་བཅོས་སྒྱུར་ཆེན་པོ་བྱས་པ་ནི་རྒྱུགས་ལེན་དུས་ཚོད་དེ་ཟླ་དྲུག་པའི་ཚེས7དང་། 8། 9བཅས་ཉིན་གསུམ་ལ་ལེན་དགོས་པ་གཏན་འབེབས་བྱས་ནས་དེ་སྔོན་ཟླ་བ་བདུན་པར་ལེན་པའི་སྲོལ་དེ་ལོ་རྒྱུས་སུ་གྱུར། ལོ་དེར་གྲངས་རིག་གི་རྒྱུགས་གཞི་ཧ་ཅང་དཀའ་བས་རྒྱུགས་ར་ནས་ཕྱིར་ལོག་སྐབས་སློབ་མ་མང་པོ་ངུ་བཞིན་ཡོང་ཞེས་བཤད་རྒྱུན་ཞིག་དར།

2002ལོར་ཅི་ནན་མཐོ་འབྲིང་དང་པོའི་རྒྱུགས་རའི་ཕྱིར་ཁྱིམ་བདག་རྣམས་ཀྱིས་རེ་སྒུག་གི་མིག་ཟུང་རྒྱུགས་རར་ཕྱོགས་པས། རྒྱུགས་ཞུགས་སློབ་མར་མཚོན་ན་དེ་ནི་རྒྱུགས་ལེན་པ་ཁོ་ན་ཙམ་མིན་པ་ཤེས་ཐུབ།

2001ལོར་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མའི་ཆ་རྐྱེན་ཏེ་གཉེན་མ་སྒྲིག་པ་དང་། ལོ25མན་ལས་ཞུགས་མི་ཆོག་པའི་ཚད་གཞི་མེད་པར་བཏང་སྟེ། ལོ་ཅུང་ཆེ་བའི་རྒྱུགས་ཞུགས་སློབ་མ་རྣམས་ལ་གོ་སྐབས་བཟང་པོ་བསྐྲུན། མ་རྐང་ཁེ་འཚོང་ལ་བརྟེན་ནས་འཚོ་བ་རོལ་བའི་ཧོང་ཧྲུན་ཧྥེང་གིས་ཚེ་ཐོག་འདིར་མཐོ་རྒྱུགས་ལ་ཞུགས་ཐུབ་པའི་གོ་སྐབས་རག་ཐུབ་པ་ཡིད་ལ་ཡང་ཤར་མ་མྱོང་ཡང་། ལོ་དེར་ཁོ་རང་ཁོ་ལྟ་བུའི་ལོ་ན་ཅུང་ཆེ་ཤོས་ཀྱི་དར་མ་མང་པོ་ཞིག་མཐོ་རྒྱུགས་ཀྱི་སྲིད་ཇུས་བཟང་པོའི་ཕན་ཁེ་རག་མཁན་སྐོར་དང་པོ་གྱུར་བ་རེད། 

2000ལོར་ཅི་ལན་གྱི་མཐོ་རྒྱུགས་ལེན་སར་སློབ་མས་རྒྱུགས་ཤོག་འབྲི་བཞིན་པ། དེའི་དུས་སུ་གསར་འགོད་པ་རྒྱུགས་རར་སོང་ནས་བཅར་འདྲི་བྱེད་ཆོག ད་ནི་སུ་ཡང་རྒྱུགས་རར་འགྲོ་མི་ཆོག་པ་རེད།

1999ལོའི་མཐོ་རྒྱུགས། ལོ18ཅན་གྱི་ཀྲང་ལའེ་ཡུས་ཡིས་ཅི་དབྱང་རྫོང་གི་རྩིས་ཚན་གྱི་རྒྱུགས་འབྲས་ཨང་དང་པོ་བླངས་ནས་ནན་ཅིང་སློབ་ཆེན་གྱི་རྒྱུ་ཆ་རིག་པའི་སྡེ་ཁག་གིས་སློབ་བསྡུ་བྱས། 2000ལོའི་ཟླ4ཚེས20ཉིན། ནན་ཅིང་སློབ་ཆེན་ཕུ་ཁུག་སློབ་ཁུལ་གྱི་འགན་འཁུར་བ་ཞིག་གིས་ཅིན་ཆིང་དབྱིན་ལ་ཁ་པར་ཡོང་ནས། ཀྲང་ལའེ་ཡུས་གར་སོང་མི་ཤེས་ཞེས་བཤད་མ་ཐག སློབ་གྲྭ་ནས་དགེ་སློབ་ཚང་མ་སྒྲིག་འཛུགས་བྱས་ནས་ཉེ་འཁོར་དུ་ཐེངས་མང་་བཙལ་ཡང་རྙེད་མ་བྱུང་། དུས་དེ་ནས་བཟུང་ཅིན་ཆིང་དབྱིན་གྱིས་རང་གི་བྱིས་པ་བཙལ་ནས་ལོ་ཧ་ལམ20འདས་བཞིན་ཡོད་ན་ཡང་། རང་གི་བྱིས་པ་འཚོལ་བའི་གོམ་ཁ་ནམ་ཡང་ལྷོད་མ་མྱོང་། ལའེ་ཡུས།ཁྱོད་ཀྱིསགནས་ཚུལ་འདྲ་མཐོང་ཡོད་ན་ཕྱིར་ཁྱིམ་ལ་ལོག་དང་། ཁྱིམ་མི་ལྷན་འཛོམས་དང་བསྡུར་ན་རྒྱུགས་འབྲས་ནི་དེ་འདྲའི་གལ་ཆེན་ལ་མ་རྩིས་ཀྱང་ཆོག་ཅེས་བརྗོད།

1998ལོའི་མཐོ་རྒྱུགས། པེ་ཅིང་ཏར་ཁང་འཕྲིན་སྟེགས160དང་པེ་ཅིང་མཐོ་རིམ་སློབ་བསྡུ་གཞུང་སྒྲུབ་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་ཆུ་ཚོད24རིང་གི་མཐོ་རྒྱུགས་སྐར་འབྲས་རྩད་འདྲི་ཁ་པར་བཀོད་སྒྲིག་བྱས་ཤིང་། སློབ་མས་ཁ་པར་ཨང་གྲངས1605789ལ་བརྟེན་ནས་རྒྱུགས་ཞུགས་འཐུས་ཡིག་གི་ཨང་རྟགས་མནན་ན་སློབ་མའི་རིག་ཚན་སོ་སོའི་རྒྱུགས་འབྲས་གསལ་བོར་རྟོགས་ཐུབ། བྱེད་ཐབས་དེས་སྐབས་དེའི་རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་རྣམས་ལ་སྟབས་བདེ་ཆེན་པོ་ཞིག་བཟོས་པ་མ་ཟད། སློབ་བསྡུའི་གོ་རིམ་ཕྱི་གསལ་ནང་གསལ་དང་། འདྲ་མཉམ། དྲང་བཞག་ཡིན་པའི་རྩ་དོན་ལག་ལེན་དུ་བསྟར་བར་ཕན་ཆེན་པོ་ཐོགས། འདི་ནི་འཕྲིན་སྟེགས160ནས་སློབ་མའི་སྐར་འབྲས་འཚོལ་བའི་ཚུལ་རེད།

1997ལོར་ཅི་ནན་གྱི་སློབ་མ15266མཐོ་རྒྱུགས་ལ་ཞུགས་ཤིང་། ལོ་དེར་མཐོ་རྒྱུགས་ལ་སྐྱེལ་མ་བྱེད་མཁན་གྱི་ཁྱིམ་བདག1996ལས་ཇེ་མང་དུ་སོང་ཡོད་པ་དང་། ལྷག་པར་ཕ་མ་གཉི་ཀས་སྐྱེལ་ཡོང་མཁན་མང་ཤོས་རེད།

1996ལོར་ཅི་ནན་གྱི་མཐོ་རྒྱུགས་ལ་ཞུགས་མཁན་སློབ་མའི་ཁྱིམ་བདག་ཅིག དེ་དུས་སྐྲ་འཇོག་སྟངས་འདི་འདྲར་ཨ་གསར་ཆེ།

1994ལོར་ཧུའུ་པེ་འགག་གསུམ་ཁུལ་གྱི་སན་ཏོའུ་ཕིན་གྲོང་རྡལ་ཏུང་ཡུའེ་མིའོ་གྲོང་ཚོའི་ལི་ཁའེ་དབྱིན་གྱི་བུ་ཝང་ཅུན་གྱིས་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་སྐར་མ651ཡི་རྒྱུགས་འབྲས་ཡག་པོ་བླངས་ནས་ཆིང་ཧྭ་སློབ་ཆེན་གྱི་རླངས་འཁོར་བཟོ་སྐྲུན་སྡེ་ཁག་ཏུ་རྒྱུགས་འཕྲོད། ཡུལ་མི་རྣམས་གཅིག་རྗེས་གཉིས་འཕྲོར་ཁོ་ལ་རྟེན་འབྲེལ་ཞུ་རུ་ཡོང་བ་དང་། ཝང་ཅུན་གྱིས་རེ་རེ་ལ་བཀའ་དྲིན་ཆེ་ཞུས། 

1992ལོའི་ཟླ3ཚེས8བརྒྱད་ཉིན། པེ་ཅིང་གི་སློབ་མ་ཁྲི4པེ་ཅིང་ངལ་རྩོལ་མི་དམངས་རིག་གནས་ཕོ་བྲང་དུ་ཕྱོགས་ནས་དར་མའི་མཐོ་རྒྱུགས་རྩད་འདྲི་བྱེད་སྒོར་ཞུགས། ན་གཞོན་བུ་མོ་ཞིག་གིས་པེ་ཅིང་དགེ་ཐོན་སློབ་ཆེན་གྱི་སྔོན་འགྲོ་སློབ་གསོའི་ཆེད་ལས་ལ་རྒྱུགས་སྤྲོད་པར་འདོད་པས། ཁྱོ་གས་བྱིས་པ་འཁྲིད་ནས་མོ་དང་མཉམ་དུ་རྩད་འདྲི་བྱེད་རོགས་ལ་ཡོང་བ་རེད།

1991ལོའི་ཟླ6ཚེས9ཉིན། པེ་ཅིང་གི་ཐིན་ཐན་སྤྱི་གླིང་ནས་པེ་ཅིང་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུ་རྩད་འདྲི་བྱེད་སྒོ་སྤེལ་བར་རྒྱུགས་ཞུགས་སློབ་མའི་ཁྱིམ་བདག་ཁྲི་ལྷག་གི་ཡིད་སེམས་བཀུག བྱེད་སྒོ་དེར་པེ་ཅིང་མ་ཡིན་པའི་ས་གནས་གཞན་དག་གི་མཐོ་སློབ89ཞུགས་པ་རེད། 
1989ལོའི་ཟླ7ཚེས7ཉིན། པེ་ཅིང་གྲོང་ཁྱེར་གྱི་སློབ་འབྲིང་ལྔ་པའི་རྒྱུགས་རར་སློབ་མས་རྒྱུགས་ཤོག་འབྲི་བཞིན་པ། 1989ལོར་པེ་ཅིང་གྲོང་ཁྱེར་དུ་རིག་གནས་ལོ་རྒྱུས་དང་། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ། ཕྱི་སྐད་བཅས་རིག་ཚན་གསུམ་གྱི་རྒྱུགས་ལ་ཞུགས་མཁན་ཁྱོན་སྡོམ34841ཡོད་པ་རེད། 
1984ལོར་ཧྲང་ཧའེ་མཐོ་སློབ་ཀྱི་ཞིབ་འཇུག་སློབ་མས་མཛའ་འབྲེལ་བྱེད་སྒོ་སྤེལ་བའི་སྟེང་དབྱིན་སྐད་ཀྱི་ལམ་ནས་ཁ་བརྡ་བྱེད་པའི་ཚུལ། 1984ལོར་དབྱིན་སྐད་མཐོ་རྒྱུགས་ཀྱི་རིག་ཚན་དུ་གྱུར། 
1982ལོར་ཐིན་ཅན་གྱི་རྒྱུགས་ཞུགས་སློབ་མ་ཞིག་གིས་རླངས་འཁོར་ལ་སྒུག་པའི་བར་གསེང་ནས་དཔེ་ཆར་ལྟ་བ།

1980ལོའི་ཟླ9ཚེས1ཉིན། རི་གྲོང་ནས་མཚར་ལོངས་བྱུང་བའི་ན་ཆུང་གདོང་ལེན་རུ་མི་ཧྲི་ཀྲན་གྱིས་ལོ13ཐོག་སྐར་མ465ཡི་རྒྱུགས་འབྲས་བཟང་པོ་བླངས་ནས་ཀྲུང་གོའི་ཚན་རྩལ་སློབ་ཆེན་གྱི་གྲངས་རིག་སྡེ་ཁག(དར་མའི་འཛིན་གྲྭ)ཏུ་རྒྱུགས་འཕྲོད་པ་རེབ་དེའི་མཐོ་རྒྱུགས་ཀྱི་གཏམ་བཟང་ཞིག་ཏུ་གྱུར། ཧྲི་ཀྲན་ནི་བྱིས་པ་བབ་ཆགས་ཤིང་རོལ་མོ་ལ་སྤྲོ་བ་ཡོད་མཁན་ཞིག་རེད། 

1978ལོའི་ཟླ2པར་མཐོ་རྒྱུགས་སླར་གསོ་བྱས་ནས་སློབ་ཆེན་སློབ་མ་སྐོར་དང་པོ་སློབ་ཆེན་གྱི་སྒོ་ཐེམ་ལ་འཛེགས་པའི་སྐལ་བ་ཐོབ། འདི་ནི་ཆིང་ཧྭ་སློབ་ཆེན་གྱི་1977ལོའི་སློབ་མ་ཚོས་སློབ་ཁྲིད་ལ་ཉན་པའི་ཚུལ་རེད། 

1977ལོར་མཐོ་རྒྱུགས་ཀྱི་སྲོལ་སླར་གསོ་བྱས་པའི་ལོ་དང་པོ་ཡིན་ལ། དགུན་དུས་སུ་བླངས་པའི་མཐོ་རྒྱུགས་ཐེངས་ཤིག་ཀྱང་རེད། འདི་ནི་མཐོ་རྒྱུགས་ལ་ཞུགས་མཁན་པེ་ཅིང་གི་ན་གཞོན་རྣམས་ཀྱིས་ནན་ཏན་གྱིས་རྒྱུགས་ཤོག་འབྲི་བའི་ཚུལ་རེད།

ཁོན་ཐར་འཚོས་བསྒྱུར།