རང་ཞིང་གིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྟོན་དང་བརྗོད་བྱ་གཙོ་བོའི་དྲིལ་སྒྲོག་ཉིན་མོའི་བྱེད་སྒོ་སྤེལ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ6པའི་ཚེས11ཉིན། རང་ཞིང་གི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྟོན་དང་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་ཉིན་མོའི་བྱེད་སྒོ་ཟི་ལིང་གྲོང་ཁྱེར་ལྟེ་བའི་ཐང་ཆེན་དུ་སྤེལ་བ་རེད། ཀྲུང་དབྱང་གི་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང18པའི་ཙུའུ་ཀྲང་ཝུའུ་ཞན་ཞུང་དང་། ཙུའུ་ཀྲང་གཞོན་པ་ཏུའུ་དབན་ཧྭ། སྤྱི་ཁྱབ་འབྲེལ་གཏུག་པ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲེན་ཀྲང་ལིའུ་ཉིང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཟི་ལིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཞའོ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ཧྲུའུ་ཅི་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་དང་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག18པའི་ལྟ་སྐུལ་མཛུབ་སྟོན་བྱ་བའི་རེ་བ་ལག་བསྟར་ནན་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཁྲིམས་ལྟར་ནག་ངན་སྟོབས་ཤུགས་ལ་ཆད་གཅོད་ནན་མོ་དང་། ཕྱོགས་བསྡུས་ཇུས་སྤྱོད་དང་རྩ་ལག་མཉམ་བཅོས་བྱེད་པ་བཅས་ལ་རྒྱུན་འཁྱོངས་བྱས་ནས། འགོ་ཁུངས་ནས་ནག་ངན་སྟོབས་ཤུགས་བཀག་འགོག་དང་རྩ་མེད་དུ་གཏོང་བའི་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་དང་ནག་ངན་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་བཟོ་ལ་རྡུང་རྡེག་ནན་མོ་བྱེད་པའི་རྣམ་འགྱུར་དང་ཆོད་སེམས་འགྲེམ་སྟོན་བྱ་རྒྱུ་དེ་རེད།

བྱ་འགུལ་སྤེལ་ཡུལ་དུ། བརྙན་རིས་གཏོང་བ་དང་པར་རིས་འགྲེམ་སྟོན། དཔེ་གཞི་འགྲེལ་བཤད། ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་། གཞུང་བཞེས་བྱས་པའི་གྲི་དང་མེ་མདའ་སོགས་ཆག་ཆ་སྐོར་ཞིག་འགྲེམ་སྟོན་བྱས་པ་མ་ཟད། ཡུལ་དངོས་ནས་མང་ཚོགས་ཀྱི་དོགས་གནད་སེལ་བ་སོགས་རྣམ་པ་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་སྡེ་ཁག་སོ་སོས་སེམས་ཤུགས་གཅིག་སྒྲིལ་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་འགྲེམ་སྟོན་བྱས་ཤིང་། དམངས་ཡོངས་ཀྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་རྒྱུས་ལོན་བཟང་པོ་བྱས་ཤིང་དེའི་ཁྲོད་ཞུགས་པའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱས་པ་རེད།

ཐེངས་འདིའི་བྱ་འགུལ་ཁྲོད་བསྡོམས་པའི་དྲིལ་སྒྲོག་པང་ལེབ187དང་དྲིལ་སྒྲོག་ཡོལ་རས52འགྲེམ་སྟོན་བྱས་པ་དང་། དྲིལ་སྒྲོག་གློག་བརྙན10བསྟན་ལ། དྲིལ་སྒྲོག་ལག་དེབ་ཁྲི2དང་སྟོང7ལྷག་བཀྲམས་པ་དང་། ནག་ངན་སྟོབས་ཤུགས་གྱོད་གཞི་དང་འབྲེལ་བའི་རླངས་འཁོར17དང་གཞུང་བཞེས་བྱས་པའི་མེ་མདའ261 གྲི80། གྱོད་འབྲེལ་དུག་རྫས་སྤྱི་རྒྱ15། གྱོད་འབྲེལ་རླངས་འཁོར་གྱི་ཨང་རྟགས་རྫུན་མ308བཅས་འགྲེམ་སྟོན་བྱས་པ་རེད།

གྲུབ་འབྲས་འགྲེམ་སྟོན་ལ་ལྟ་སྐོར་བྱེད་མཁན་གྱི་གྲོང་མི་ཚོས་ཐེངས་འདིའི་གྲུབ་འབྲས་འགྲེམ་སྟོན་གྱིས་མི་ཚང་མར་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་དོན་སྙིང་གལ་ཆེན་ལ་ཁྱོན་ཡོངས་ནས་ངོས་འཛིན་གཏིང་ཟབ་ཐུབ་པ་དང་། རྒྱལ་ཁའི་རེ་བ་མཐོང་ཞིང་ཡིད་ཆེས་བརྟན་དུ་ཕྱིན་པས། གྲོང་མི་མང་ཚོགས་དཀྱུས་མ་ཞིག་ཡིན་པའི་ངོས་ནས་ཉེ་འགྲམ་གྱི་མི་རྣམས་སྐུལ་སློང་བྱས་ཏེ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ནང་ཧུར་ཐག་གིས་འཇུག་ཐུབ་ངེས་ཡིན་ཞེས་བཤད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།