རང་ཞིང་གིས་ཆེད་དོན་འཆད་ཁྲིད་སྤེལ་ནས་ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཤིང་། རྒྱལ་ཁབ་སྤྱི་གླིང་གྲུབ་ཆ་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ6པའི་ཚེས11ཉིན། རྒྱལ་ཁབ་སྤྱི་གླིང་གྲུབ་ཆ་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་དཔེ་སྟོན་ཞིང་ཆེན་ཚོགས་ཆེན་མ་འཚོག་པའི་སྔོན་ལ། རང་ཞིང་གིས《ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་རྒྱལ་ཁབ་སྤྱི་གླིང་གྲུབ་ཆ་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་མགྱོགས་མྱུར་བསྐྲུན་པ》ཞེས་པའི་ཆེད་དོན་འཆད་ཁྲིད་གཉེར་ཞིང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སིའི་སི་ཀྲང་དབྱང་ཁྲའོ་ཡིས་འཆད་ཁྲིད་གཙོ་བོ་བྱས། ཧྲེན་ཀྲང་གཞོན་པ་ཐེན་ཅིན་ཁྲེན་གྱིས་འགོ་འཛིན་བྱས་པ་རེད།

རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བ་ཡག་པོ་སྒྲུབ་པའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་དང་། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏང་ཆེད། འཆད་ཁྲིད་ཀྱིས་རང་རྒྱལ་གྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ད་ཡོད་གནས་ཚུལ་དང་། བསམ་འཆར་མཛུབ་སྟོན་བྱས་པའི་འཆར་ཟིན་འགོད་པའི་རྒྱབ་ལྗོངས་དང་བརྒྱུད་རིམ། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་དང་གཞི་རྩའི་བསམ་ཕྱོགས། ཁོང་དུ་ཆུད་དགོས་པའི་འགག་རྩ་སོགས་ཀྱི་ནང་དོན་ལ་དམིགས་ནས། རྒྱལ་ཁབ་སྤྱི་གླིང་གྲུབ་ཆ་གཙོ་བོར་བྱས་པའི་རང་བྱུང་སྣོད་བཅུད་མ་ལག་དང་རང་བྱུང་གནའ་ཤུལ། ཁོར་ཡུག་མཛེས་ལྗོངས། སྐྱེ་དངོས་སྣ་མང་རང་བཞིན་བཅས་སྲུང་སྐྱོང་ནུས་ལྡན་བྱ་རྒྱུའི་སྣོད་བཅུད་ཐོན་རྫས་མཁོ་སྤྲོད་ནུས་པ་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་ལ་སྐུལ་འདེད་གཏང་བའི་དོན་སྙིང་རྒྱས་བཤད་གཏིང་ཟབ་བྱས་ཤིང་། “ རྒྱལ་ཁབ་སྤྱི་གླིང་གཙོ་བོ་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ཅིའི་ཕྱིར་གཟུག་དགོས་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གང་འདྲ་ཞིག་འཛུགས་པ། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ཇི་ལྟར་འཛུགས་པ། རང་བྱུང་སྲུང་སྐྱོང་ཁུལ་ཇི་ལྟར་དོ་དམ་ཡག་པོ་བྱེད་པ”བཅས་ཀྱི་གནད་དོན་རབ་དང་རིམ་པར་ལན་བཏབ་ཅིང་། འཛུགས་སྐྲུན་བྱ་བའི་ཐད་ངེས་པར་དུ་མཐའ་འཁྱོངས་བྱ་དགོས་པའི་བྱེད་ཐབས་དོན་ཚན་བཅུ་བཏོན་ཞིང་། རང་ཞིང་གིས་ད་ཆའི་སྣོད་བཅུད་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཁ་ཕྱོགས་གཙོ་བོ་དང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་གཙོ་གནད་ནང་དོན་དེ་བས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་བཅས་བྱས་ཏེ། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏང་རྒྱུར་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད་པ་བསྟན།

ཀུན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ། བྱ་བ་གཙོ་གནད་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཏན་ཏིག་གཏང་བ་དང་། སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་གི་ཉམས་མྱོང་བཟང་པོ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་པ། “ཆེ་ཤོས་གསུམ”གྱི་ལག་ལེན་གསར་པར་སྐུལ་འདེད་གཏང་བ་བཅས་བྱས་ནས། མཛེས་སྡུག་ལྡན་པའི་ཀྲུང་གོའི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།