གསེར་ཆེན་རྫོང་གིས་ཚོང་ལས་དང་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་ལ་ཤུགས་བསྣན་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ཞིང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་སྐབས་ལེགས་ཤོས་ཀྱི་ཡུལ་སྐོར་ལམ་ཐིག་གཞིར་བཟུང་ཐོག ཚོང་ལས་དང་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་དམ་འཛིན་བྱ་རྒྱུ་ནི་གསེར་ཆེན་རྫོང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་ལག་བསྟར་བྱས་པའི་མཚོན་ཚུལ་གྱི་གྲས་ཤིག་ཡིན་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་གྱི་ཡུལ་སྐོར་ཁོར་ཡུག་ཆེན་པོའི་མདུན་དུ་གསེར་ཆེན་རྫོང་གིས་ཚལ་རྔ་མཚོའི་སྣོད་བཅུད་ཡུལ་སྐོར་ཕྱོགས་བསྡུས་གསར་སྤེལ་ལས་གཞི་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཚལ་རྔ་འགག་སྣོད་བཅུད་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་སྤུས་རྟགས་ལ་བརྟེན་ནས་མཚོ་སྐོར་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རིམ་བཞིན་སྐུལ་འདེད་བཏང་ཞིང་། ཡུལ་སྐོར་པར་སྣེ་ལེན་ཞུ་ཚད་ཇེ་མང་དུ་བཏང་བས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་ཆེས་ཆེར་འཕར་ཡོད་པ་རེད། 

ཚོང་ལས་དང་ཡུལ་སྐོར་ཐོན་ལས་དམ་འཛིན་ནན་པོ་བྱེད་པའི་ཁྲོད། གློག་རྡུལ་ཚོང་དོན་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ཞིང་། གློག་རྡུལ་ཚོང་དོན་ཁེ་ལས་སྐྱེད་སྲིང་བྱེད་པ། གྲོང་ཚོ་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་བསྐྲུན་པ། རྫོང་དང་། ཡུལ་ཚོ། གྲོང་ཚོ་བཅས་རིམ་པ་གསུམ་ལ་ཁྱབ་པའི་དྲ་ཐོག་ཚོང་དོན་དྲ་རྒྱའི་མ་ལག་གཞི་རྩའི་ཆ་ནས་བཙུགས་ཡོད། རིག་གནས་དང་། ཡུལ་སྐོར། ལུས་སྦྱོང་སོགས་འཛད་སྤྱོད་ཆེ་རིགས་སྐྱེད་སྲིང་ཇེ་མགྱོགས་སུ་བཏང་ཞིང་། འཛད་སྤྱོད་ཚོང་ར་ཉིན་བཞིན་འཁྲུག་པོར་གྱུར་ཡོད། ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་པའི་གོམ་སྟབས་གསར་པར་སྤོས་པ་མ་ཟད། རྒྱལ་ཁབ་རིམ་པའི་ཕྱིར་གཏོང་བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དཔེ་སྟོན་ཁུལ་དུ་བདེ་བླག་ངང་རེ་ཞུ་ཡང་བྱས་པ་རེད།

ལོ་ཙཱ་བ། ཀླུ་མོ།