དམར་པོའི་གཞི་རྒྱུ་འཛིན་སྐྱོང་། ཕུགས་ཀྱི་འདུན་མ་འགྱུར་མེད།

— ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ6པའི་ཚེས11ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། དངོས་བརྒྱུད་ཅན་གྱི་སློབ་ཐུན《སེམས་འདུན་དང་འོས་འགན》ཏེ“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་དང་། “མུའུ་ཧྲེང་ཀྲུང་གི་ལམ་འབྱེད་སྙིང་སྟོབས”སོགས་མཚོན་པའི་གློག་བརྙན་ལ་བལྟས་པ་རེད།

ཚོགས་ཞུགས་བློ་མཐུན་རྣམས་ལ“འབར་མདེལ་གཉིས་དང་འཁོར་སྐར་གཅིག་གིས་མཚོན་པའི་ལྷག་བསམ་སྙིང་སྟོབས”ཞེས་པའི་སློབ་ཁྲིད་ཀྱིས་“མེས་རྒྱལ་ལ་དགའ་ཞེན་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན། མཉམ་ལས་ཤུགས་ཆེན་བྱེད་པ། ཡང་རྩེར་འཛེག་ཕོད་པ་”བཅས་ཀྱི་“འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཀྱི་མྱོང་བ་ཟབ་མོ་སྐྱེས་སུ་བཅུག

ཚང་མས་ཞིང་ཆེན་ཏང་ཨུའི་་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅན་ཅོན་གྱི་བླང་བྱ་གཞིར་བཟུང་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་སློབ་སྦྱོང་བྱེད་པ། 《ཞི་ཅིང་ཕིང་གི“ཐོག་མའི་སེམས་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”སྐོར་གྱི་རྒྱས་བཤད་གལ་ཆེན་བདམས་བསྒྲིགས》དང《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་རྩ་གནད》ལ་སློབ་སྦྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གསར་ཤོས་ལ་སློབ་སྦྱོང་བྱེད་པ་བཅས། དེའི་ནང་གི་ལྟེ་བའི་དོན་སྙིང་དང་ལག་ལེན་གྱི་བླང་བྱར་གོ་བ་གཏིང་ཟབ་ལེན་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད། སྣེ་ཁྲིད་དཔེ་སྟོན་དང་སློབ་ཁྲིད། མང་ཚོགས་ལ་“ཆུ་ཕོར་གང”སྤྲད་ན་རང་ཉིད་ལ་ཐོག་མར་“ཆུ་ཟོམ་གང”དགོས་པའི་མཁོ་གནད་ཆེ་བའི་འདུ་ཤེས་ཡོད་དགོས་པ་དང་། སྔོན་ལ་སློབ་སྦྱོང་དང་། གཏིང་ཟབ་སློབ་སྦྱོང་། དངོས་སུ་སློབ་སྦྱོང་བཅས་བྱས་ནས་སློབ་སྦྱོང་གི་དམིགས་སའི་རང་བཞིན་དང་། དུས་ཕན་རང་བཞིན། ཡིད་དབང་འཕྲོག་པའི་ནུས་པ་བཅས་ཆེ་རུ་བཏང་སྟེ་སྦྱངས་པ་གོ་ཆོད་པ་དང་། སྦྱངས་ན་གྲུབ་འབྲས་ཐོབ་པ། སྦྱོང་སྤྱོད་ཕན་ཚུན་ཡར་རྒྱས་ཡོང་བ་བཅས་བྱས་ཏེ། བརྗོད་བྱ་གཙོ་བོའི་སློབ་གསོ་ཡག་པོ་གཉེར་ཆེད་བསམ་བློའི་རྨང་གཞི་བརྟན་པོ་གདིང་དགོས་པ་བཤད། 

ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ལྷན་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་ཨུ་ལྷན་གྱི་འབྲེལ་ཡོད་དྲུང་ཡིག་གཞོན་པ། ཞིང་ཆེན་ཨུ་ལྷན་གྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཞུགས་ཡོད་པ་རེད། 

ལོ་ཙཱ་བ། ཀླུ་མོ།