བུ་མོ་ཆུང་ཆུང་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བཅའ་ཁྲིམས། 4

(ལེ་ཚན་གོང་མའི་འཕྲོས་མཐུད།)

ཁྱིམ་བདག་གིས་ལོ་ཚད་ཅུང་ཆེ་བའི་བྱིས་པའི་རང་སྲུང་གི་འདུ་ཤེས་ཆེས་ཆེར་གཏོང་བའི་ཐད་ཀྱི་སློབ་གསོ།

1.བྱིས་པས་སྐད་ཆ་བཤད་ཤེས་པའི་སྐབས་ཁྱིམ་ཚང་གི་ཁ་པར་ཨང་གྲངས་དང་སྡོད་སའི་གྲོང་ཁྱེར་དེའི་གཞིས་ཁུལ་གྱི་མིང་། ཁྱིམ་ཚང་གི་ཁོངས་མི་དག་གི་མིང་བཅས་བློར་འཛིན་དུ་འཇུག་དགོས།

2.བྱིས་པ་དོན་དག་ལ་འཕྲད་དུས110ལ་ཁ་པར་བཏང་ནས་མྱུར་སྐྱོབས་བྱེད་པ་ཤེས་སུ་འཇུག་དགོས།

3.བྱིས་པར་ཉེན་རྟོག་པ་དང་དམག་མི། བདེ་སྲུང་མི་སྣ་བཅས་ཀྱི་ལས་ལྭ་གྱོན་པའི་མི་སྣའི་དབྱེ་བ་འབྱེད་པ་ཤེས་སུ་བཅུག་ན། གལ་ཏེ་ཁྱིམ་མི་དང་ཁ་བྲལ་ནས་བོར་སྟོར་བྱུང་ཚེ་མྱུར་དུ་ལས་ལྭ་གྱོན་པའི་ལས་བྱེད་མི་སྣ་འཚོལ་སྲིད།

4.བྱིས་པ་སློབ་གྲྭར་འགྲོ་འོངས་བྱེད་པའི་ལམ་བར་དུ་གལ་ཏེ་ཁྱིམ་བདག་གིས་སྐྱེལ་ལེན་བྱས་པ་མིན་ན་ངེས་པར་དུ་སློབ་གྲོགས་ལ་འགྲོག་ནས་འགྲོ་བ་དང་མཐའ་འཁོབ་ལ་མི་འགྲོ་བ། མི་མེད་ས་སྟོང་གི་ལམ་ཕྲན་དུ་མི་འགྲོ་བ་བཅས་ཀྱི་སློབ་གསོ་གཏོང་དགོས།

5.བྱིས་པར་དགོང་མོ་གཅིག་པུ་ཕྱི་རོལ་དུ་འགྲོ་མི་རུང་བའི་སློབ་གསོ་གཏོང་དགོས། གལ་ཏེ་དངོས་གནས་འགྲོ་དགོས་བྱུང་ཚེ་མི་བསམ་ཤེས་ཀྱིས་འགྲོ་རོགས་བྱེད་དགོས།

6.བྱིས་པར་མི་ཆ་མེད་ལ་གང་འདོད་དུ་འབྲེལ་འདྲིས་བྱེད་མི་རུང་བ་དང་མི་ཆ་མེད་ཀྱི་སྐད་ཆར་ཡིད་ཆེས་བྱེད་མི་རུང་བ། མི་ཆ་མེད་ཀྱི་ཟས་རིགས་དང་རྩེད་ཆས། དངོས་པོ་སོགས་དང་ལེན་བྱེད་མི་རུང་བའི་སློབ་གསོ་གཏོང་དགོས།

བརྐུ་འཚོང་བྱས་པའི་བུད་མེད་དང་བྱིས་པ་ཉོ་མི་རུང་།

རང་རྒྱལ་གྱི《ཉེས་ཁྲིམས》དོན་ཚན241པའི་གཏན་འབེབས་ལྟར་ན། བརྐུ་འཚོང་བྱས་པའི་བུད་མེད་དང་བྱིས་པ་ཉོ་མཁན་ལ་དུས་བཀག་བཙོན་འཇུག་ལོ་གསུམ་མན་དང་བཙན་ཉར་ལས་སྐུལ། རྩིས་སྤྲོད་དོ་དམ་བཅས་ཀྱི་ཁྲིམས་ཆད་གཅོད་དགོས།

1.བརྐུ་འཚོང་བྱས་པའི་བུད་མེད་ཉོས་ནས་བཙན་ཤེད་ཀྱིས་ལུས་འབྲེལ་བྱུང་བ་ལ་ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བཙན་གཡེམ་གྱི་ནག་ཉེས་སུ་གཏན་ཁེལ་བྱས་ཏེ་ཁྲིམས་ཆད་གཅོད་དགོས།

2.བརྐུ་འཚོང་བྱས་པའི་བུད་མེད་དང་བྱིས་པ་ཉོས་ནས་ཁྲིམས་འགལ་སྒོས་མི་ལུས་ཀྱི་རང་དབང་ལ་ཚོད་འཛིན་དང་གནོད་སྐྱོན། དམའ་འབེབས་སོགས་ཀྱི་ཁྲིམས་འགལ་ནག་ཉེས་བཟོ་མཁན་ལ་ཉེས་ཁྲིམས་ཀྱི་འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་ནས་ཁྲིམས་ཆད་གཅོད་དགོས།

3.བརྐུ་འཚོང་བྱས་པའི་བུད་མེད་དང་བྱིས་པ་ཉོས་ནས་གོང་གསལ་གྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་ན། ནག་ཉེས་མང་པོ་བསགས་པའི་ཉེས་ཆད་སྡེབ་གཅོད་ཀྱི་གཏན་འབེབས་ལྟར་ཁྲིམས་ཆད་གཅོད་དགོས།

4.བརྐུ་འཚོང་བྱས་པའི་བུད་མེད་དང་བྱིས་པ་ཉོས་ནས་ཡང་བསྐྱར་གཞན་ལ་བཙོང་ན། 《ཉེས་ཁྲིམས》ཀྱི་དོན་ཚན240ཡི་གཏན་འབེབས་ལྟར་བུད་མེད་དང་བྱིས་པ་བརྐུ་འཚོང་གི་ནག་ཉེས་ལྟར་ཁྲིམས་ཆད་གཅོད་དགོས།

བརྐུ་འཚོང་བྱས་པའི་བུད་མེད་དང་བྱིས་པ་ཉོས་ནས་བུད་མེད་ཀྱི་འདོད་མོས་བཞིན་ཁོ་མོའི་སྔོན་ཆད་ཀྱི་སྡོད་གནས་སུ་ཕྱིར་ལོག་པར་བཀག་འགོག་མི་བྱེད་པ་དང་ཉོས་པའི་བྱིས་པར་ཡང་མནར་གཅོད་ཀྱི་བྱ་སྤྱོད་མ་བྱས་ཤིང་མྱུར་སྐྱོབས་ལ་བཀག་འགོག་བྱས་མེད་ན་ཁྲིམས་ཆད་ཇེ་ཡང་དང་ཁྲིམས་ཆད་མེད་པར་བཟོས་ཆོག

མུ་འགོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།