མཚོ་སྔོན་པོའི་མངའ་ཁོངས་ཀྱི་ཆུའི་སྤུས་ཚད་སྔར་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཉེ་ལམ་པར་སྐྲུན་འགྲེམས་སྤེལ་བྱས་པའི《2018ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་གི་གནས་བབ་གནས་ཚུལ་སྤྱི་བསྒྲགས》ཞེས་པའི་སྟེང་བསྟན་དོན། 2018ལོར་ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུ་ཧྲིལ་བོའི་ཆུའི་སྤུས་ཚད་བརྟན་བརླིང་ཇེ་ལེགས་སུ་འགྲོ་བཞིན་ཡོད་ལ། དེའི་ཁྲོད་མཚོ་སྔོན་པོའི་མངའ་ཁོངས་ཀྱི་ཆུའི་སྤུས་ཚད་དེ་ཧ་ཅང་ལེགས་ཤིང་། འབབ་རྒྱུན་གྱི་ཆུའི་ཐོན་ཁུངས་དང་ནགས་ཚལ་གྱི་ཁེབས་ཚད་སོགས་རིགས་གང་མང་ཞིག་གི་དམིགས་ཚད་དེ་སྔར་ལས་ཇེ་ལེགས་སུ་འགྲོ་བཞིན་ཡོད།

ཚད་ལེན་དཔྱད་ཞིབ་ལས་མངོན་པ་ལྟར་ན། 2018ལོའི་མཚོ་སྔོན་པོའི་འབབ་ཡུལ་གྱི་ཆུ་རྒྱུན་གཙོ་བོ་དག་ནི་དཔལ་དགེ་ཆུ་བོ་དང་ཁྱོན་འཁྱིལ་ཆུ་བོ། བེའུ་ཧ་ཆུ་བོ། རྟ་ནག་མ་ཆུ་བོ། འོམ་ཆུ། རིག་སྨོན་ཆུ་བོ། ཝ་འཇོག་ཆུ་བོ། སྐྱིད་སྨོན་ཆུ་བོ་བཅས་ཀྱི་ཆུའི་སྤུས་ཚད་དེ་རིམ་པ་གཉིས་པའི་ཡན་ལ་སླེབས་ཤིང་ཆུའི་སྤུས་ཚད་ཧ་ཅང་ལེགས། འབབ་རྒྱུན་ཆུ་བོའི་ཐོན་ཁུངས་ཀྱི་སྤྱིའི་ཚད་གཞི་དེ་རྨིད་གྲུ་བཞི་མ་དུང་ཕྱུར39.61ལ་སླེབས་པ་དང་ལོ་མང་པོའི་རིང་གི་ཆ་སྙོམས་སྤྱིའི་ཟིན་ཚད་ནི83.1%ལ་སླེབས་འདུག འབབ་རྒྱུན་མངའ་ཁོངས་ཀྱི་རྩྭ་སའི་ཁེབས་ཚད་ནི73%ཡིན། རྩྭ་ཐང་གི་རྩི་ཤིང་གི་མཐོ་ཚད་དང་ཁྱབ་ཁོངས་ཀྱི་ཚད་གཞི། རྩྭའི་ཐོན་ཚད་བཅས་ནི་ལོ་སྔོན་མ་དག་དང་སྡུར་ན་ཆ་སྙོམས་ཀྱིས་ཇེ་མང་དུ་སོང་ཡོད་ལ། འདམ་རའི་རྩི་ཤིང་གི་སྐྱེ་རྒྱ་དང་ཚད་གཞི་དེ་ཡང་སྐྱེ་དངོས་སྤྱིའི་གྲངས་འབོར་ལས་ཇེ་མང་དུ་སོང་འདུག དེ་ལས་གཞན་མཚོ་སྔོན་པོའི་མངའ་ཁོངས་ཀྱི་འཚོ་སྡོད་ས་ཁུལ་དུ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་གནའ་བོའི་གནའ་ཡི་ཁ་གྲངས་ཡང་མངོན་གསལ་གྱིས་ཇེ་མང་དུ་འགྲོ་བཞིན་འདུག དེ་མིན་མཚོ་སྔོན་པོའི་གསེར་ཉའི་སྤྱིའི་ཁ་གྲངས་ནི་ཏུན་ཁྲི8.12ལ་སླེབས་ཡོད། ཆ་སྙོམས་ལོ་རེར་མཚོ་སྔོན་པོའི་ཉེ་འཁོར་དུ་གནས་སྤོར་བྱས་འོངས་པའི་འདབ་ཆགས་རིགས་མིའ་དྲ་བ92གྱི་བྱ་རིགས་ཁྲི20ལྷག་ཡོད། འདབ་ཆགས་རིགས་འདྲ་མིན་མང་པོ་ཞིག་གསར་དུ་འབྱུང་བཞིན་ཡོད། སྐྱེ་དངོས་སྣ་མང་ཅན་དང་སྐྱེ་དངོས་ཕུན་སུམ་ཚོགས་པའི་ཚད་ཡང་སྔར་ལས་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད་ལ། ཀྲུང་གོའི་མངའ་ཁོངས་ནང་ཁུལ་གྱི་འདབ་ཆགས་ཁ་གྲངས་ཆེས་མང་ཞིང་། རིགས་ཧ་ཅང་མོད་པོའི་སྐྱེ་འཕེལ་རྟེན་གཞི་རུ་གྱུར་ཡོད།

ལོ་འདི་དག་གི་རིང་ལ། བཟོ་སྐྲུན་གལ་ཆེན་རབ་དང་རིམ་པ་མང་པོ་ལག་བསྟར་དངོས་འབེབས་བྱས་པ་བརྒྱུད་མཚོ་སྔོན་པོའི་མངའ་ཁོངས་ཀྱི་སྐྱེ་ཁམས་མ་ལག་སྒྲིག་གཞི་དང་སྐྱེ་ཁམས་ཁོར་ཡུག་གི་གནས་བ་དེ་མུ་མཐུད་དུ་བརྟན་འཇགས་བྱུང་ཡོད། མཚོ་སྔོན་པོ་ནི་ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་མཐོ་སྒང་གི་ཚྭ་མཚོ་ཤིག་སྟེ། མདོ་དབུས་མཐོ་སྒང་བྱང་ཤར་ས་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་ལ་སྦྲེལ་བའི་ཆུ་བོ་གལ་ཆེན་ཞིག་ཀྱང་ཡིན་ལ། ནུབ་རྒྱུད་བྱེ་ཐང་ཅན་མུར་འཕེལ་ཚོད་འཛིན་བྱེད་པའི་རང་བྱུང་གི་སྐྱེ་དངོས་སྒྲིབ་ཡོལ་གལ་ཆེན་ཞིག་ཀྱང་ཡིན། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་ཁྱད་ཆོས་དང་རིམ་འགྱུར་གང་དེས་ཚད་གཞི་ངེས་ཅན་ཞིག་གི་སྒོ་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ཧྲིལ་བོའི་གནས་བབ་ཀྱི་འགྱུར་ལྡོག་དེ་མཚོན་ཡོད་ལ། ཚ་འདམ་གཤོང་ས་དང་རྨ་འབྲི་རྫ་གསུམ། མདོ་ལ་རི་བོ་བཅས་ཀྱི་ས་ཁུལ་དག་ལ་ཡང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།