སློབ་སྒྲུབ་བྱམས་སྐྱོང་བྱ་འགུལ་དེ་ཆུ་འཁྱིལ་སྡེ་བར་བསླེབས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཉེ་ལམ་ཟི་ལིང་གྲོང་ཁྱེར་དྲག་ཆས་ཡན་ལག་རུ་ཁག་གི་དཔོན་དམག་དག་གིས་ཙོང་ཁ་རྫོང་གི་ཆུ་འཁྱིལ་སྡེ་བ་རུ“དབུལ་ཁྱིམ་སློབ་མ་དག་ལ་སློབ་སྒྲུབ་རོགས་སྐྱོར་བྱམས་སྐྱོང་བྱ་འགུལ”སྤེལ་པ་རེད།

སློབ་སྒྲུབ་རོགས་སྐྱོར་ཞལ་འདེབས་ཀྱི་བྱེད་སྒོའི་སྟེང་དུ་ཡན་ལག་རུ་ཁག་གང་དེའི་སྲིད་ཨུ་ཚའེ་ཀྲན་ཅང་གིས་དམག་དཔུང་ཡན་ལག་རུ་ཁག་གི་དཔོན་དམག་ཡོངས་ཀྱི་ཚབ་བྱས་ཏེ་ས་གནས་སྲིད་གཞུང་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རྒྱལ་སྲུང་དང་དམག་དཔུང་སྒྲིག་འཛུགས་ཐད་ལ་རྒྱབ་སྐྱོར་བྱས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་མ་ཟད། རོགས་སྒྲུབ་ཐོབ་པའི་སློབ་མ་དག་གིས་སློབ་སྦྱོང་ལ་ཧུར་བརྩོན་དང་ཕུགས་འདུན་ལ་དཔའ་ངར་ཞུམ་མེད་ཀྱིས་འཚོལ་སྙེག་བྱེད་པ། རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་གདུང་འདེགས་ཀ་བ་ཉན་པའི་སློབ་གསོ་དང་སྨོན་འདུན་ཞུས། དེ་མིན་ས་གནས་སྲིད་གཞུང་གིས་ཟི་ལིང་དྲག་ཆས་ཡན་ལག་རུ་ཁག་ལ་དུས་ཡུན་རིང་བོར་དམངས་དམག་སེམས་པ་གཅིག་སྒྲིལ་གྱིས་ཕ་ཡུལ་གཉིས་པའི་དབུལ་སྐྱོར་བྱ་བ་སྤེལ་བར་ཡང་སེམས་གཏིང་ནས་བཀའ་དྲིན་ཞུས་པ་རེད།

ཉི་འོད་དྲོན་མོའི་ཁྲུས་གསོལ་འོག་སློབ་མ་དག་གི་ངོ་གདོང་ལ་རྒྱལ་ཁ་དང་ཡིད་ཆེས་ཀྱི་རེ་བས་ཁེངས་འདུག ཡན་ལག་རུ་ཁག་གི་དཔོན་དམག་དག་གིས་སྡེ་བ་གང་དེའི་སློབ་མ48ལ་ཁྱོན་བསྡོམས་སྒོར་ཁྲི1ལྷག་གི་སློབ་སྦྱོང་ཡོ་བྱད་གནང་བ་མ་ཟད། གསར་དུ་ཉོས་པའི་དཔེ་ཁུག་གསར་བ་དག་ཡུལ་དངོས་ནས་རྒྱབ་ལ་འཁུར་དུ་བཅུག དྲག་ཆས་དཔོན་དམག་དག་གིས་སློབ་མ་དག་ལ་གདོང་ལེན་སྐེ་དཀྲིས་དམར་པོ་ཡང་དངོས་སུ་མདུད་དེ། ཐུན་མོང་གིས་མཉམ་གཅིག་ཏུ་རོལ་རྩེད་འདྲ་མིན་སྣ་ཚོགས་རྩེས་ནས་ཐལ་མོ་རྡེབ་སྒྲ་དང་ཆབས་ཅིག་སློབ་ར་ཧྲིལ་བོ་སྤྲོ་སྐྱིད་ཀྱིས་ཡོངས་སུ་ཁེངས།

དུས་ཡུན་རིང་བོར་ཡན་ལག་རུ་ཁག་གང་དེའི་ཏང་ཨུ་དག་གིས་སློབ་གསོའི་དབུལ་སྐྱོར་བཟོ་སྐྲུན་ལ་སྐུལ་འདེད་བྱས་པ་མ་ཟད། “ཆེད་དོན་དངུལ་རྩའི་དབུལ་སྐྱོར་དང་དཔོན་དམག་གི་རང་རྟོག་རང་འདུན་བྱ་བའི་སློབ་སྒྲུབ་སློབ་གསོའི་དར་སྤེལ་སྒྲིག་གཞི”གསར་འཛུགས་བྱས་ཏེ། ཙོང་ཁ་རྫོང་གི་ལུའུ་ཧྥའར་གྲོང་རྡལ་གྱི་ཆུ་འཁྱིལ་སྡེ་བར་ཁ་གཏད་རོགས་སྐྱོར་བྱས། “སློབ་གསོའི་རོགས་རམ་འཛུགས་སྐྲུན་དང་ཡན་ལག་དམག་དཔུང་ལ་རོགས་སྐྱོར་བྱེད་པ། དབུལ་ཁྱིམ་དག་ལ་རོགས་རམ་སྣེ་ཁྲིད་བྱེད་པ”སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ། དཔུང་བ་མཉམ་བཤིབས་སྒོས་གཞི་རིམ་དུ་ཤེས་རིག་སྤེལ་བ་དང་སྨན་བཅོས་ཞབས་ཞུ། བཅའ་ཁྲིམས་འདྲི་རྟོག་བཅས་ཀྱི་དམངས་ཕན་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ། “གནད་འཁེལ་དབུལ་སྐྱོར”བྱ་བའི་ལག་བསྟར་དངོས་འབེབས་ཐད་ལ་འགན་སྲུང་ཁག་ཐེག་བྱས་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།