གསེར་ཆེན་རྫོང་གིས་ཀུན་སྤྱོད་སློབ་ཁང་གི་ལྟ་སྦྱོང་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཀུན་སྤྱོད་སློབ་ཁང་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་བཏང་བ་དང་། ཀུན་སྤྱོད་སློབ་ཁང་གི་བྱེད་སྒོའི་བརྒྱུད་རིམ་ཚད་ལྡན་དུ་གཏང་བ། ཀུན་སྤྱོད་སློབ་ཁང་གི་སློབ་གསོའི་ཕན་འབྲས་ཆེ་རུ་གཏང་བ། ཀུན་སྤྱོད་སློབ་ཁང་གི་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་གཏང་བ་བཅས་བྱ་ཆེད། ཟླ5པའི་ཚེས30ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་གིས་རྫོང་མི་དམངས་ཁྲིམས་ཁང་དུ་ཀུན་སྤྱོད་སློབ་ཁང་འཛུགས་སྐྲུན་དང་དཔལ་ཡོན་ལག་ལེན་བྱེད་སྒོར་ལྟ་སྦྱོང་སློབ་སྦྱོང་བྱས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་རྫོང་ཁྲིམས་ཁང་གི་ཕ་བུའི་བྱེད་སྒོའི་ལྟ་ཞིབ་ཁང་དང་། ལོ་ཆུང་ཁྲིམས་ར། ཁྱིམ་དོན་འདྲི་གཅོད་ཁྲིམས་རར་ལྟ་སྐོར་བྱས་ཤིང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཁྲོད་ཀྱི་རྫོང་ཁྲིམས་ཁང་གི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོར་ལྟ་སྦྱོང་སློབ་སྦྱོང་བྱས་པ་བཅས་ཚོགས་ཞུགས་མི་སྣས་རྫོང་ཁྲིམས་ཁང་གི་ཀུན་སྤྱོད་སློབ་ཁང་གིས་ཚང་མར་ངོ་མཚར་ཆེ་ལ་གསོན་ཉམས་དོད་པའི་དཔལ་ཡོན་ལག་ལེན་སློབ་ཚན་ཞིག་ཁྲིད་པ་རེད།

“ཀུན་སྤྱོད་སློབ་ཁང་ནི་ཀྲུང་དབྱང་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས་སྤྱི་དམངས་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་ལ་སྐུལ་འདེད་གཏང་བ་དང་དཔལ་ཡོན་ལག་ལེན་བྱེད་སྒོ་སྤེལ་བའི་རྣམ་པ་གསར་པ་ཞིག་རེད།”རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཤེ་ཡུང་མིན་གྱིས་བཤད་རྒྱུར། ལས་རིམ་རྗེས་མར་གསེར་ཆེན་རྫོང་གིས་ཐེངས་འདིའི་ལྟ་སྦྱོང་སྐུལ་སྤེལ་ཚོགས་འདུའི་གོ་སྐབས་ལ་བརྟེན་ནས། ཀུན་སྤྱོད་སློབ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཀུན་སྤྱོད་སློབ་ཁང་གི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ། དཔལ་ཡོན་སྤྱི་མཐུན་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཧུར་ཐག་གཏང་རྒྱུ་དང་། དཔལ་ཡོན་གྲོང་ཁྱེར་གཏོད་པའི་ཆུ་ཚད་སླར་ཡང་མཐོ་རུ་གཏང་རྒྱུ་ཡིན་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།