མཚོ་ལྷོ་ཁུལ་གསེར་ཆེན་རྫོང་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་གྱོད་དཔེ3ཐེར་འདོན་བྱས་པ།

གཅིག ཐང་སྐར་མ་གྲོང་རྡལ་འབྲོང་མགོ་སྡེ་བའི་སྡེ་དམངས་ཨུ་ལྷན་ཀྲུའུ་རིན་ཚེ་དབང་རྡོ་རྗེ་ཡི་འབྲེལ་ཡོད་སྒྲིག་འགལ་གནད་དོན།

2011ལོའི་ཟླ11པ་ནས2018ལོའི་ཟླ5པའི་བར། ཐང་སྐར་མ་གྲོང་རྡལ་འབྲོང་མགོ་སྡེ་བའི་སྡེ་དམངས་ཨུ་ལྷན་ཀྲུའུ་རིན་ཚེ་དབང་རྡོ་རྗེ་ཡིས་དབུལ་སྐྱོར་གྱི་ཁ་གཏད་ཁྱིམ་ཚང་དཔྱད་ཞིབ་གཏན་འབེབས་ཁྲོད། དཔྱད་ཞིབ་ཨུ་ཡོན་ལྷན་ཚོགས་དང་དཔྱད་ཞིབ་གཏན་འབེབས་གྲོས་ཚོགས་མ་བསྡུས་ཤིང་། སྤྱི་སྒྲོག་ཡང་མ་བྱས་པར་ལས་གནས་ཀྱི་སྟབས་བདེ་བེད་སྤྱད་དེ། སྒེར་ནས་རང་གི་གཉེན་ཉེ་དག་དབུལ་ཕོངས་ཁྱིམ་ཚང་ཁྲོད་བཞག་ནས་སྡེ་བ་ཡོངས་ཀྱི་རྩྭ་ས་དང་ལམ་གྱི་ཁ་གསབ་དངུལ་ལོངས་སུ་སྤྱད་པ་རེད། ཚེ་དབང་རྡོ་རྗེ་ཐང་སྐར་མ་གྲོང་རྡལ་འབྲོང་མགོ་སྡེ་བའི་སྡེ་དམངས་ཨུ་ལྷན་གྱི་ཀྲུའུ་རིན་ཡིན་པའི་ཆ་ནས། སྡེ་དམངས་ཨུ་ལྷན་གཉིས་ཀྱིས་དོན་དག་གལ་ཆེན“གྲོས་བསྡུར་གསུམ་དང་ཐག་གཅོད་གཅིག”གི་ལམ་ལུགས་གཟབ་ནན་སྒོས་ལག་བསྟར་མ་བྱང་ཤིང་། དབུལ་སྐྱོར་ཁ་གཏད་ཁྱིམ་ཚང་གི་རྩྭ་སའི་ཁ་གསབ་རང་གི་གཉེན་ཉེ་དག་ལ་བྱིན་པ། རྩ་འཛུགས་ཀྱི་སྒྲིག་ལམ་དང་མང་ཚོགས་ཀྱི་སྒྲིག་ལམ་ལ་འགལ་ཡོད་པ་ཐག་གཅོད་བྱས་ཏེ། 2018ལོའི་ཟླ11པའི་ཚེས28ཉིན། ཚེ་དབང་རྡོ་རྗེ་ལ་ཏང་ནང་ཁུལ་ནས་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་བཅད།

གཉིས། ཐང་སྐར་མ་གྲོང་རྡལ་ཀུན་དགའ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འཇིགས་བྷེ་ཡིས་སྡེ་བ་ཡོངས་ཀྱི་ས་ཞིང་སྒེར་སྤྱོད་བྱས་པའི་སྒྲིག་འགལ་གནད་དོན།

2011ལོའི་ཟླ7པར། འཇིགས་བྷེ་ཡིས་ས་ཞིང་སྤྱོད་པའི་དཔང་ཡིག་གཅིག་ཀྱང་མ་བླངས་ལ། སྡེ་དམངས་ཨུ་ལྷན་གཉིས་ཀྱི་གྲོས་ཚོགས་དང་མང་ཚོགས་ཀྱི་གྲོས་ཚོགས་མ་བསྡུས་པར། གང་འདོད་དུ་སྡེ་བའི་ས་ཞིང་ཐོག་ཕྱུགས་ཁང་བསྐྲུན་པར་མ་ཟད། ཁྱིམ་ཚང9ཡི་ཕྱུགས་ཁང་འཛུགས་སྐྲུན་ལས་གཞིའི་ཁ་གསབ་དངུལ་ཁྲི14.6(ཁྱིམ་རེའི་སྒོར་ཁྲི1.6)སྒེར་གཅོད་བྱས་ནས་རང་གི་དངུལ་བུན་སྤྲོད་སྤྱད་བྱས། (ཁོས་ལས་གཞིའི་སྔོན་རྩིས་འགྲོ་གྲོན་སྟེང་སྤྱད་པ་ཡིན་ཟེར།)ཏང་ཡོན་ལས་བྱེད་པ་འཇིགས་བྷེ་ཡིས་དུས་ཡུན་རིང་པོར་རང་གཅུན་མ་བྱས་པར་རྩ་འཛུགས་དང་སྤྱོད་གཙང་སྒྲིག་ལམ་ལ་འགལ་པར་མ་ཟད། རྣམ་འགྱུར་མི་ལེགས་ཤིང་། 《རེ་ཞུའི་སྙན་ཞུ》རྫུན་བཟོ་བྱས་ཏེ་བསམ་གཟས་ནས་དཔྱད་ཞིབ་བྱ་བ་གཏོར་བརླགས་བྱས་པ་དང་། སྒྲིག་འགལ་དོན་དངོས་དྲང་མོར་མི་བཤད་པ་དང་དཔྱད་ཞིབ་མི་སྣའི་བྱ་བར་རམ་འདེགས་མ་བྱས་པ་རེད། 2018ལོའི་ཟླ12པའི་ཚེས21ཉིན། འཇིགས་བྷེ་ཏང་ནང་ནས་ཕུད་པའི་ཆད་པ་བཅད།

གསུམ། རིག་སྨོན་གྲོང་རྡལ་ལྡོང་དངོས་སྡེ་བའི་སྡེ་དམངས་ཨུ་ལྷན་ཀྲུའུ་རིན་ཀུན་བཟང་རྒྱལ་གྱི་སྒྲིག་འགལ་གནད་དོན།

2017ལོར། ཀུན་བཟང་རྒྱལ་གྱིས་སྡེ་བ་ཡོངས་ཀྱི་རྩྭ་ས་དང་ལམ་སྒེར་འཛིན་བྱས་པ་གོང་ཞུ་བྱེད་མཁན་གྱི་འབྲེལ་ཡོད་དབང་པོ་སྐྱོན་ཅན་མི་ཡི་ཁ་གསབ་རེ་ཞུ་སྒྲུབ་སྐབས་ཐམ་ཀ་མ་བརྒྱབ་པར་མ་ཟད། གོང་ཞུ་མཁན་ལ་ཐོབ་འོས་པའི2017ལོའི་རྨོ་སྐྱུར་ནགས་འཛུགས་དང་རྩྭ་སའི་ཁ་གསབ་ཁྱོན་བསྡོམས་སྒོར1214བདག་འཛིན་བྱས། ཀུན་བཟང་རྒྱལ་རིག་སྨོན་གྲོང་རྡལ་ལྡོང་དངོས་སྡེ་བའི་སྡེ་དམངས་ཨུ་ལྷན་གྱི་ཀྲུའུ་རིན་ཡིན་པའི་ཆ་ནས། འགོ་ཁྲིད་གྱི་འགན་གཙོ་བོ་འཁུར་དགོས་པ་རེད། 2018ལོའི་ཟླ9པའི་ཚེས10ཉིན། ཀུན་བཟང་རྒྱལ་ཏང་ནང་ཁུལ་ནས་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་བཅད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།