ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས“ཐོག་མའི་བསམ་འདུན་མི་བརྗེད།འགན་འཁྲི་ཡིད་ལ་དམ་འཛིན”བརྗོད་དོན་ཡིན་པའི་སློབ་གསོའི་བྱ་བའི་ཚོགས་འདུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ6པའི་ཚེས10ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས“ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”བརྗོད་དོན་ཡིན་པའི་སློབ་གསོའི་བྱ་བའི་ཚོགས་འདུ་བསྡུས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”བརྗོད་དོན་ཡིན་པའི་སློབ་གསོའི་བྱ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་བའི་ཚོགས་འདུའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་དང་སྲིད་གཞུང་ཁོངས་གཏོགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱ་བའི་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི།ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ལིག་ཉིང་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཡིས་གྲོས་ཚོགས་ལ་འགོ་མཛིན་བྱས་པར་མ་ཟད་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མི་ཝང་ལིས་མེན་དང་དབྱང་ཧྥུན་ཁྲུན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཀྲུང་ཧོང་ཡན་བཅས་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཟུར་དུ་ཞུགས། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགན་ཁུར་བློ་མཐུན་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་པ་རེད།

ལིག་ཉིང་གིས་བསྟན་དོན། ”ཐོག་མའི་སེམས་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་སློབ་གསོ་སྤེལ་བ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རླབས་ཆེན་འཐབ་རྩོད། རླབས་ཆེན་བཟོ་སྐྲུན། རླབས་ཆེན་ལས་དོན། རླབས་ཆེན་ཕུགས་འདུན་ལ་གཅིག་གྱུར་བཀོད་འདོམས་བྱེད་པའི་བཀོད་སྒྲིག་གལ་ཆེན་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཟོ་སྐྲུན་གལ་ཆེན་དང་། ཏང་གི་འཛུགས་སྐྲུན་སྤུས་ཚད་མཐོར་འདེགས་གཏང་བའི་རྨང་གཞིའི་བཟོ་སྐྲུན། མང་ཚོགས་ལ་འབྲེལ་འདྲིས་དང་ཞབས་འདེགས་ཞུ་བའི་དམངས་སེམས་བཟོ་སྐྲུན། མཚོ་སྔོན་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་བའི་སྒུལ་ཤུགས་བཟོ་སྐྲུན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལག་བསྟར་བྱས་ནས། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས། འགུལ་སྐྱོད་རང་རྟོགས་བཅས་མཐོ་བའི་བརྗོད་དོན་སློབ་གསོར་ཏན་ཏན་ཏིག་ཏིག་གི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏང་དགོས་ཟེར།

ལིག་ཉིང་གིས། རྩ་འཛུགས་དང་ལག་བསྟར་ནན་མོ་བྱེད་པ་དང་། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། བརྟག་བཤེར་ཞིབ་འཇུག་ནན་མོ་བྱེད་པ། གནད་དོན་ལ་ལྟ་ཞིབ་ལེགས་པོ་བྱེད་པ། དག་ཐེར་ལེགས་བཅོས་ཐད་ནས་གྲུབ་འབྲས་བཟང་པོ་བླངས་ནས། འཆར་འགོད་ནན་མོ་བྱེད་པ་དང་གོ་རིམ་དངོས་གཉེར་ཡིན་པ། གྲུབ་འབྲས་བདེན་པ་ཡིན་པར་ཁག་ཐེག་བྱ་དགོས་ཤིང་། རིམ་པ་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་པོ་བྱེད་པ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ། འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། ལྟ་སྐུལ་མཛུབ་སྟོནལ་རྗེས་འདེད་ནན་མོ་བྱེད་པ། གཅིག་གྱུར་ཟུང་འབྲེལ་ལ་དོ་སྣང་བྱེད་པ། བརྗོད་དོན་སློབ་གསོ་ལ་བརྟེན་ནས་སྲིད་གཞུང་གི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏང་བ་དང་། བྱ་བའི་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ལྟ་ཞིབ་རྩིས་ལེན་བྱས་ཏེ། ཕྱོགས་གཉིས་ནས་དམ་འཛིན་བྱེད་པ་དང་སྐུལ་འདེད་གཏང་དགོས་ཟེར།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།