སློབ་ཆེན་སློབ་མ་ཞིག་གིས་གློག་བརྙན་སྒྱུ་རྩལ་ལ་བཅངས་བའི་དད་སེམས།

ཁོའི་མིང་ལ་སྒྲོལ་མ་དར་རྒྱས་སམ་སོ་ནག་སྒྲོལ་དར་ཟེར།ཕ་ཡུལ་རྨ་ལྷོ་རྩེ་ཁོག་གི་ཡིན། སློབ་གྲྭ་ཆེ་ཆུང་འགྲིམས་པའི་གོ་རིམ་ལས་ཁོ་བོས་དཀའ་ཁག་དང་གནོན་ཤུགས་ལྕི་བའི་སློབ་སྦྱོང་གི་འཚོ་བའི་ཁྲོད་ནས་ནམ་ཡང་རང་ཉིད་ལ་དགའ་ཕྱོགས་ཤིག་ཡོད་དགོས་པའི་བསམ་བློའི་རྨང་གཞིའི་སྟེང་ནས་འཚོ་བའི་ལམ་ཁ་ཞིག་རྙེད་པར་གྱུར་ཅིང་། ཐོག་མར་དགེ་རྒན་དང་ཉེ་འཁོར་གྱི་སློབ་གྲོགས་གང་མང་ཞིག་རྒྱབ་བརྟེན་བྱས་ནས་རྩོམ་འབྲིའི་ལམ་ཁ་རུ་གོམ་པ་དང་པོ་སྤོས་ཏེ་རིམ་བཞིན་སྒེར་གཞུང་གང་རུང་གི་དུས་དེབ་ཏུ་བརྩམས་ཆོས་མང་པོ་འགོད་པའི་བསྐལ་བ་བྱུང་ཞིང་། རྩོམ་སྒྲིག་པའི་ལས་ཀ་ཡང་ཆེད་སྦྱོང་བྱས་མྱོང་ཡོད། ད་དུང་གློག་བརྙན་འཁྲབ་གཞུང་ཐད་ནས་འབྲི་སྦྱང་ཡང་མང་པོ་བྱས་ཡོད། དེ་ལས《ལང་ཚོའི་རྨི་ལམ》ནི་ཁོས་མཐོ་འབྲིང་སྐབས་ནས་བརྙན་ཕབ་བྱེད་རྒྱུའི་གྲ་སྒྲིག་ཡོད་མོད། སློབ་སྦྱོང་གི་གནོན་ཤུགས་དང་ཆ་རྐྱེན་གང་མང་ཞིག་གི་རྐྱེན་གྱིས་བརྙན་ཕབ་བྱེད་མ་ཐུབ། སློབ་ཆེན་གྱི་སྒོ་ཐེམ་འགྲིམས་མ་ཐག་པའི་དུས་དེར་བརྙན་ཕབ་བྱེད་རྒྱུའི་ཁས་ལེན་བྱས། 2019ལོའི་ཟླ5པའི་ཚེས22ཉིན་ནས་བརྙན་ཕབ་ཀྱི་ལས་ལ་ཐོག་མར་བྱེད་མགོ་བརྩམས་ལ། 2019ལོའི་ཟླ6པའི་ཚེས6ཉིན་ཡོངས་འགྲུབ་བྱས་ཏེ་དྲྭ་ལམ་ཁག་ནས་དངོས་སུ་ཕྱིར་གཏོང་བྱས།

གློག་བརྙན་ལང་ཚོའི་རྨི་ལམ་གྱི་འབྲེལ་ཡོད་ཀྱི་པར།

གཤམ་ནས་སྒྲོལ་མ་དར་རྒྱས་སམ་སོ་ནག་སྒྲོལ་དར་ལགས་ཀྱིས་གསར་འགོད་པས་བཅར་འདྲི་ཐུང་ཐུང་ཞིག་ལ་དང་ལེན་བྱས་ཚུལ་བཀོད་པ་འདི་ལྟར། 

གསར་འགོད་པ། སྒྲོལ་མ་དར་རྒྱས། ཁྱོད་བདེ་མོ་ཡིན་ན།

སྒྲོལ་མ་དར་རྒྱས། བདེ་མོ་ཡིན། རྒན་ལགས་བདེ་མོ།

གསར་འགོད་པ། བདེ་མོ་ཡིན།  ཐོག་མར་ཁྱོད་ཀྱི《ལང་ཚོའི་རྨི་ལམ》ཞེས་པའི་ཕབ་སྐྲུན་ལེགས་འགྲུབ་འབྱུང་བར་རྟེན་འབྲེལ་ཞུ།  དེ་ནས་འུ་གཉིས་ཀྱིས་སྐབས་འདི་དང་བསྟུན་ནས་ཁྱོད་རང་གི་གློག་བརྙན་སྒྱུ་རྩལ་གྱི་ལམ་ཁར་ཞུགས་པའི་སྐོར་ནས་ཁ་བརྡ་བྱས་ན་ཆོག་གམ། 

སྒྲོལ་མ་དར་རྒྱས། ཆོག་ལགས། རྒན་ལགས་ཀྱིས་དྲིས་ཆོག

གསར་འགོད་པ། ཁྱོད་ཀྱིས་གློག་བརྙན་འཁྲབ་འཞུང་འབྲི་རྒྱུའི་བསམ་བློ་དེ་ཐོག་མར་ཇི་ལྟར་སྐྱེས་པ་ཡིན།

དེ་ནི་ཐོག་མར་སྒྲུང་གཏམ་འབྲི་སྦྱོང་བྱས་པའི་ཤུགས་རྐྱེན་ཡིན་པ་འདྲ། 2015ལོར་རེབ་གོང་སློབ་འབྲིང་དུ་རྒྱུགས་འཕྲོད་ཅིང་། དེ་ནས་སློབ་སྦྱོང་བྱ་བའི་ཞོར་ལ་ཉི་ཟེར་དུས་དེབ་ཅེས་པའི་སློབ་རའི་རྩོམ་རིག་དུས་དེབ་ཅིག་གི་རྩོམ་སྒྲིག་པའི་ལས་ཀ་ཙམ་གཉེར་ནས་རིམ་བཞིན་སྒྲུང་གཏམ་འབྲི་བའི་ཕྱོགས་ལ་གོམ་པ་སྤོས་ཤིང་། སྒྲུང་གཏམ་རྩོམ་པ་པོ་སྟག་འབུམ་རྒྱལ་དང་ཚེ་རིང་དོན་འགྲུབ་སོགས་ཀྱི་བརྩམས་ཆོས་བཀླགས་པ་ལས་སྒྲུང་གཏམ་འབྲི་བའི་ཕྱོགས་ལ་སྔར་ལས་གོམ་པ་ཤུགས་ཆེན་སྤོས། སྐབས་ཤིག་བོད་ཀྱི་གློག་བརྙན་གྲགས་ཅན་འགའ་ལ་བལྟས་པའི་ཤུགས་རྐྱེན་ལས་སྒྲུང་གཏམ་ནང་གི་མིག་སྣའི་བྱ་བྱེད་ཡོད་ཚད་ལྟ་མཁན་གང་མང་ཞིག་གི་སྤྱན་སྔར་ཕུལ་ཐུབ་ན་རང་ཉིད་ཀྱི་བརྗོད་བྱ་འབུར་ཐོན་ཡིན་པར་སེམས་པས་སྒྲུང་གཏམ་ནས་འཁྲབ་གཞུང་འབྲི་བའི་ཕྱོགས་སུ་མགོ་བརྩམས་པ་ཡིན།

གསར་འགོད་པ། འཁྲབ་གཞུང་འབྲི་བའི་ཕྱོགས་ནས་འབྲེལ་ཡོད་ཀྱི་རྒྱུ་ཆ་བཀླགས་མྱོང་ངམ།

སྒྲོལ་མ་དར་རྒྱས། བཀླགས་མྱོང་། བོད་ཁུལ་གྱི་གློག་བརྙན་མང་པོ་འཚོལ་བསྡུ་བྱས་ནས་ཡང་དང་བསྐྱར་དུ་བལྟས་པ་ཡིན། དཔེར་ན། རྒན་ཀླུ་རྒྱལ་རཱ་ཏི་ལགས་ཀྱིས་བརྩམས་པའི་གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ་ཞེས་པ་དང་། གཞན་གྱི་འཁྲབ་གཞུང་གི་དཔེ་ཆ་རེ་ཟུང་ཉོས་ནས་གཞན་དེའི་འབྲི་སྟངས་དང་བསམ་བློ་ལ་སློབ་སྦྱོང་བྱས་པ་ལྟ་བུ་ཡིན། ད་དུང་མུ་མཐུད་དུ་འབྲེལ་ཡོད་ཀྱི་རྒྱུ་ཆ་གང་མང་ཀློག་ཐུབ་པར་རེ་བ་བྱེད་ཀྱིན་ཡོད།

གསར་འགོད་པ།  ཁྱོད་ཀྱི་གློག་བརྙན་བརྩམས་ཆོས་ཐོག་མ་《ལང་ཚོའི་རྨི་ལམ》ཡི་ཐད་ནས་བརྗོད་འདོད་པ་དང་གླེང་འདོད་པ་དེ་གང་ཡིན།

སྒྲོལ་མ་དར་རྒྱས། ཐོག་མར་གློག་བརྙན་འདིའི་མགོ་མཇུག་བར་གསུམ་ལ་ལུས་ཤུགས་སེམས་ཤུགས་འདོན་མཁན་ཡོངས་ལ་བཀའ་དྲིན་ཡང་ཡང་ཞུ་འོས། དེ་ནས་གློག་བརྙན་ཕབ་བསྐྲུན་གྱི་ཕྱོགས་ནས་བཤད་ན་དང་ཐོག་འཆར་གཞི་ངེས་ཅན་ཞིག་གཏན་འཁེལ་བྱེད་དགོས་མོད། ཁོར་ཡུག་དང་སློབ་སྦྱོང་གི་དབང་གིས་དུས་ཚོད་མང་པོ་ཞིག་གཏོང་དགོས་འདུག་ལ། མཚམས་རེར་འཆར་གཞི་ལ་བར་ཆད་ཀྱང་ཐེབས་འགྲོ་བས་སེམས་ཁམས་ལ་འགྱུར་བ་སྣ་ཚོགས་དང་གནོན་ཤུགས་སྟེར། འོན་ཀྱང་འཆར་གཞི་ཅུང་ཙམ་ལག་བསྟར་དུ་ཐུབ་དུས་ཤུགས་སྣོན་བྱེད་རྒྱུའི་རེ་བ་ཡང་བསྩལ་ཡོང་། འཁྲབ་གཞུང་གི་ཐད་ནས་འཁྲབ་གཞུང་ནང་གི་ཚན་པ་འགའ་ཞིག་གིས་འཁྲབ་གཞུང་ཧྲིལ་བོའི་ནང་དོན་ལ་འགྱུར་བ་ཐེབས་སུ་འཇུག་པ་སོགས་འདུག་པས་གནོན་ཤུགས་ཇེ་ལྕི་རུ་སོང་ཤིང་འཁྲབ་གཞུང་ཅིག་འབྲི་བའི་སེམས་པ་ཡང་གཡོ་འགུལ་ཆེན་པོ་ཐེབས་འགྲོ ལྷག་པར་དུ་ཕབ་བསྐྲུན་ཕྱོགས་ནས་ཉམས་མྱོང་དབེན་པས་དཀའ་ཁག་ཆེན་པོ་ཞིག་འདུག

དེ་མ་ཟད་སློབ་མའི་དུས་སྐབས་ཡིན་པས་ན་རྒྱུ་དངོས་གང་རུང་ནས་དཀའ་ཁག་ཆེན་པོ་འདུག གང་ལྟར་རྒྱབ་སྐྱོར་དང་རང་ནུས་ཡོད་དགུ་བཏོན་ནས་ལེགས་འགྲུབ་བྱུང་རྗེས་དགའ་བ་དཔག་མེད་ཅིག་སྐྱེས་ཡོང་། དེ་ནས་ཞིབ་ཏུ་རང་ཉིད་ཀྱིས་རང་གི་བརྩམས་ཆོས་ལ་རང་ཉིད་བལྟ་མཁན་ཞིག་གི་ངོས་ནས་ཕྱིར་བལྟ་བྱས་ཚེ་ཞན་ཆ་དང་མི་འདང་ས་རྙེད་ཡོང་། དེ་ནི་ང་ལ་མཚོན་ན་ངོ་ཚ་ཞིག་མ་ཡིན་པར་རང་གི་མ་འོངས་བར་ཁ་གསབ་བྱེད་པའི་ཉམས་མྱོང་དང་བསླབ་བྱ་གལ་ཆེན་ཡིན་བསམ་བྱུང་། གློག་བརྙན་དུ་སྐྱོན་ཆ་འདུག་ཀྱང་བློ་ཁ་མ་ཕམ་པར་བསྡད་ཡོད་པ་འདི་ངས་རང་ཉིད་ཀྱི་བརྩམས་ཆོས་རྗེས་མ་ཁག་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་བསམ་པའི་སྤོབས་པ་བསྩལ་སོང་།

གསར་འགོད་པ། རེད། ཡག་པོ་བཤད་སོང་། མཐར་ཁྱོད་ཀྱི་མ་འོངས་བའི་ལམ་ཁ་སྔར་ལས་ཡངས་བར་སྨོན། ལར་དགའ་ཕྱོགས་ནི་ཆེད་ལས་ཡིན་ལ་ཆེད་ལས་ནི་དགའ་ཕྱོགས་ཡིན་པས་དུས་རྒྱུན་བརྩོན་པ་ཉམས་ཆགས་སུ་མི་འགྲོ་བར་སློབ་སྦྱོང་ནི་ཚེ་གང་གི་བྱ་བ་ཞིག་ཡིན་པར་དོན་དུ་གཉེར་ཐུབ་ན་འདི་ལས་ལྷག་པའི་དགའ་འོས་པ་ཞིག་གང་ན་ཡོད།དེ་བས་ལམ་ནི་རྐང་འོག་ན་ཡོད་པས་ཁྱོད་ཀྱི་གོམ་ཁ་རྒྱང་རིང་ལ་སྤོ་བར་མཁྱེན། ཁ་དྲོ། བཀྲ་ཤིས། 

སྒྲོལ་མ་དར་རྒྱས། རྒན་ལགས། སྐུ་དྲིན་ཆེ། འདི་ལྟ་བུའི་སེམས་ཚོར་བཤད་སའི་གར་སྟེགས་ཤིག་བསྐྲུན་པར་བཀའ་དྲིན་ཆེ།

གསར་འགོད་པ། རེབ་གོང་བསམ་སྤྱོད།