བུ་མོ་ཆུང་ཆུང་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བཅའ་ཁྲིམས། 3

(ལེ་ཚན་གོང་མའི་འཕྲོས་མཐུད།)

བུ་མོ་ཆུང་ཆུང་དག་གིས་རང་ལུས་ལ་སྲུང་སྐྱོབ་བྱེད་པའི་ཐབས་ལམ།

འཁྲིག་སྲེད་ཀྱི་གནོད་འཚེ་ལས་ཁྱིམ་བདག་དང་དགེ་རྒན། གཉེན་ཉེ་གྲོགས་པོ་བཅས་ཀྱི་ནམ་རྒྱུན་གྱི་གཅེས་སྐྱོང་དང་བདག་སྐྱོང་བར་དུ་ངོ་བོའི་ཆ་ལ་ཁྱད་པར་ཅི་ཞིག་ཡོད་པ་ཤེས་དགོས།

སློབ་གྲྭར་འགྲོ་བ་དང་སློབ་གྲྭ་ནས་ཕྱིར་ལོག་པ། ཕྱི་རོལ་དུ་ལྟད་མོར་འགྲོ་བ་བཅས་ལ་འགྲོ་རོགས་དང་མཉམ་དུ་འགྲོ་དགོས།

རང་ཉིད་གཅིག་པུ་ཆུ་འགྲམ་དང་རི་ངོས། ནགས་ཚལ་སོགས་མཐའ་འཁོབ་ས་ཁུལ་དུ་དཔེ་ཀློག་སློབ་སྦྱོང་དང་རྩེད་འཇོ་སོགས་ལ་འགྲོ་མི་རུང་།

ནམ་གུང་མི་མེད་པའི་སྐབས་སུ་རང་ཉིད་གཅིག་པུ་མཐའ་འཁོབ་ཀྱི་སྲང་ལམ་དུ་འགྲོ་མི་རུང་།

ཚོང་གཉེར་རང་བཞིན་གྱི་གླུ་གར་ཁང་དང་ཁ་ཧྥེ་ཁང་། དྲ་ཁང་། བརྙན་འབེབས་ཁང་། མཚན་གཏོང་གློག་བརྙན་ཁང་སོགས་མིག་གིས་མཐོང་ཐབས་བྲལ་ཞིང་བདེ་འཇགས་ཀྱི་གཞི་རྒྱུ་དཀོན་ས་རུ་རྩེད་འཇོར་གཡེང་མི་རུང་།

སློབ་གྲྭ་གྲོལ་རྗེས་རང་ཉིད་གཅིག་པུ་སློབ་ཁང་དང་ཡང་ན་སྐྱེས་པ་དགེ་རྒན་གྱི་མལ་ཁང་དུ་འགྲོ་མི་རུང་།

སྔ་མོ་ནས་གོམས་སྲོལ་ལེགས་པོ་ཞིག་ཆགས་སུ་བཅུག་ནས་མི་རྒྱུས་མེད་ཀྱིས་བྱིན་པའི་བྱ་དངོས་གང་འདོད་དུ་ཟ་མི་རུང་།

ཕྲུ་གུའི་དུས་སུ་གཅིག་པུ་ཡུལ་དུ་སྡོད་དུས(ཁྱིམ་མི་ལས་གཞན།)མི་གང་རུང་ཡུལ་ལ་འོངས་དུ་འཇུག་མི་རུང་ཞིང་། ཐ་ན་མི་རྒྱུས་ཡོད་ཀྱང་དེ་ལས་མ་འདས།

སེམས་མི་སྐྱིད་པའི་དོན་དག་འབྱུང་བའི་ཚོར་བ་ཡོད་དུས་ངེས་པར་དུ་དུས་ལྟར་ཁྱིམ་མི་དང་དགེ་རྒན་དག་ལ་ཡར་ཞུ་བྱས་ནས། འཁྲིག་སྲེད་ཀྱི་གནོད་འཚེ་ཐེབས་པར་སྐྲག་སྣང་མེད་པའི་སྒོ་ནས་སྤོབས་པ་ཆེར་སྐྱེད་ཀྱིས་ཕ་རོལ་བོ་ཁྲིམས་གཏུག་བྱེད་དགོས།

རང་སྲུང་ལ་ཤུགས་བསྣན་ནས་བརྐུ་འཚོང་སྔོན་འགོག་བྱེད་པ།

བུད་མེད་དང་བྱིས་པ་བརྐུ་འཚོང་བྱེད་པའི་ནག་ཉེས་ལ་རྡུང་རྡེག་ནན་མོ་བཏང་ནས་བྱིས་པ་བདེ་འཇགས་ངང་འཚར་ལོངས་བྱུང་བར་སྲུང་སྐྱོབ་དང་བུད་མེད་དག་གི་འགྲོ་བ་མིའི་ཐོབ་ཐང་ལ་འགེབས་སྲུང་སྒོས། མི་རྣམས་ཀྱི་དུས་བདེ་ཞོད་འཇགས་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་དང་བརྟན་བརླིང་གི་ཁག་ཐེག་བྱེད་རྒྱུ་ནི་སྤྱི་ཚོགས་ཧྲིལ་བོའི་ཐུན་མོང་གི་འགན་འཁྲི་ཡིན་པས། སྤྱི་ཚོགས་ཧྲིལ་བོ་ཐུན་མོང་གིས་འབད་བརྩོན་དང་དམངས་ཡོངས་ཟབ་ཞུགས་བྱེད་དགོས།

བུད་མེད་དང་བྱིས་པ་བརྐུ་འཚོང་བྱེད་པའི་ནག་ཉེས་ནི་ཅི་ཞིག་ཡིན་ནམ།

བུད་མེད་དང་བྱིས་པ་ནི་མི་ཡིན་པ་ལས་ཚོང་རྫས་མིན། བུད་མེད་དང་བྱིས་པ་བརྐུ་འཚོང་བྱེད་པ་ནི་ཧ་ཅང་ཚབས་ཆེ་བའི་གནོད་འཚེ་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན། རང་རྒྱལ་གྱི《ཉེས་ཁྲིམས》དོན་ཚན240ཡི་ནང་གཏན་འབེབས་བྱས་ཡོད། བུད་མེད་དང་བྱིས་པ་བརྐུ་འཚོང་བྱེད་པ་ཞེས་པ་ནི་བུད་མེད་དང་བྱིས་པའི་ཉོ་འཚོང་དམིགས་འབེན་དུ་བཟུང་སྟེ་བསླུ་བྲིད་དང་བཙན་ཁྲིད། བསླུ་ཉོ། ལྐོག་འཚོང་། བསླུ་སྐྱེལ། ལམ་བར་བརྒྱུད་སྤྲོད་བཅས་ཀྱི་བྱ་སྤྱོད་རིགས་གཅིག་ཡོད་པ་དེར་ཟེར།

བུད་མེད་དང་བྱིས་པ་བརྐུ་འཚོང་བྱེད་པའི་གནས་ཚུལ་གྱི་ཡང་ལྕི་གཞིར་བཟུང་སྟེ། དུས་བཀག་བཙོན་འཇུག་དང་ཐ་ན་སྲོག་ཁྲིམས་སོགས་ཉེས་ཁྲིམས་མི་འདྲ་བ་གཅོད་པ་མ་ཟད། ད་རུང་དངུལ་ཆད་དང་རྒྱུ་ནོར་གཞུང་བསྡུ་བྱེད་ངེས།

བུད་མེད་དང་བྱིས་པ་བརྐུ་འཚོང་བྱེད་པའི་ནག་ཉེས་བྱེད་སྒོའི་ཁྱད་ཆོས་གསར་བ།

1.ཉེས་ཅན་ལོག་སྤྱོད་ཚོགས་ཁག་གི་གནས་བབ་མངོན་གསལ་དང་ནག་ཉེས་ཀྱི་དྲ་རྒྱའི་བསྣོལ་མཚམས་རྙོག་འཛིང་ཆེ་བ། ནག་ཉེས་ཀྱི་ཁྱབ་ཡུལ་མངའ་ཁོངས་ཅུང་མང་པ། ནག་ཉེས་དེ་ཡང་བསླུ་བྲིད་དང་བརྐུ་འཁྱེར་གྱི་བྱེད་ཐབས་སྣ་གཅིག་ནས་བཟི་ཁབ་རྒྱག་པ་དང་བཙན་འཕྲོག་གཞན་སྤྲོད་བཅས་ཀྱིས་གྱོད་དོན་བརྟོལ་བར་དཀའ་ཁག་ཧ་ཅང་ཆེ།

2.བྱིས་པ་བརྐུ་འཁྱེར་བྱེད་པའི་ནག་ཉེས་ཅུང་འབུར་དུ་ཐོན་ཞིང་ནག་ཉེས་ཀྱི་གདུག་རྩུབ་ཚད་གཞི་ཡང་ཆེས་ཆེར་སོང་ཡོད། གཞན་ཡུལ་ནས་ལས་ཀ་བྱེད་དུ་འོངས་བའི་ལས་བཟོ་བའི་བུ་ཕྲུག་བརྐུ་འཁྱེར་བྱས་པའི་གྱོད་དོན་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད།

3.བརྐུ་འཚོང་བྱས་པའི་བྱིས་པ་དེ་བཙན་ཤུགས་ཀྱིས་སྤྲང་བོ་དང་སྨད་འཚོང་། བརྐུ་འཁྱེར། འཕྲོག་བཅོམ་སོགས་ཀྱི་ཁྲིམས་འགལ་བྱ་འགུལ་སྒྲུབ་དུ་བཅུག་པ་ཅུང་མང་།

4.རྒྱལ་མཚམས་བརྒལ་བ་དང་མཐའ་མཚམས་བརྒལ་ནས་བུད་མེད་དང་བྱིས་པ་བརྐུ་འཚོང་བྱེད་པའི་གྱོད་དོན་ཡང་འབྱུང་བཞིན་ཡོད།

5.བརྐུ་འཚོང་བྱས་པའི་བུད་མེད་དག་ལ་བཙན་ཤེད་ཀྱིས་སྨད་འཚོང་སོགས་འདོད་སྲེད་ཀྱི་བྱེད་སྒོ་སྤེལ་དུ་འཇུག་པ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད།

དྲ་སྟེང་ནས་གྲོགས་པོ་སྒྲིག་པ་དང་ཕྱི་རོལ་དུ་ལྟད་མོར་འགྲོ་དུས་ངེས་པར་དུ་ཡིད་ལ་འཛིན་བྱ།

1.འབྲེལ་འདྲིས་བྱེད་ཡུལ་འདེམས་པ་ལ་གཟབ་ནན་བྱས་ཏེ། ཆ་རྒྱུས་མེད་པའི་མི་དང་བར་ཐག་ངེས་ཅན་ཡོད་དགོས་ལ། ཕྱི་རོལ་དུ་འགྲོ་དུས་ཆང་མང་པོ་འཐུང་མི་རུང་།

2.ཆ་རྒྱུས་མེད་པའི་མི་ལ་འབྲེལ་འདྲིས་བྱེད་དུས་ངེས་པར་དུ་མཉམ་འཇོག་དང་དོགས་ཟོན་མཐོར་འདེགས་སུ་བཏང་ནས། ཁ་ཡག་ཚིག་འཇམ་ལ་གང་འདོད་དུ་ཡིད་ཆེས་བྱེད་མི་རུང་ཞིང་ཁེ་བཟང་ལེན་པའི་ཧམ་སེམས་གཏན་ནས་སྐྱེས་མི་རུང་།

3.ཆ་རྒྱུས་མེད་པའི་མི་ལ་རང་ཉིད་ཀྱི་ཁྱིམ་ཚང་དང་གཉེན་ཉེ། མི་སྒེར་བཅས་ཀྱི་དགའ་ཕྱོགས་གནས་ཚུལ་མཚམས་སྦྱོར་བྱེད་མི་རུང་།

4.རྒྱུས་མེད་མི་སྣའི་ཟས་རིགས་དང་བཏུང་ཆུའི་རིགས་གང་འདོད་དུ་དང་ལེན་བྱེད་མི་རུང་།

5.དྲ་སྟེང་ནས་ཁ་བརྡ་བྱས་མྱོང་བའི་མི་ལ་གང་འདོད་དུ་ཡིད་ཆེས་བྱེད་མི་རུང་ལ། གང་འདོད་དུ་དྲ་གྲོགས་ལ་ཐུག་འཕྲད་བྱེད་མི་རུང་།

6.ཕྱི་རོལ་ལ་འགྲོ་བའི་ལམ་བར་དུ་གལ་ཏེ་ཉེན་ཁར་འཕྲད་པ་ན། དུས་ལྟར་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་མཐའ་འཁོར་མང་ཚོགས་ལ་རོགས་རམ་བྱེད་དུ་འཇུག་དགོས།

7.ཕྱི་རོལ་ལ་འགྲོ་བའི་སྐབས་སུ། རང་ཉིད་ཀྱི་སྡོད་གནས་དང་འབྲེལ་གཏུག་ཁ་པར་ཨང་གྲངས་དུས་ལྟར་ཁྱིམ་མི་དང་གྲོགས་པོ་དག་ལ་བཤད་ནས། ཁོ་ཚོར་རང་ཉིད་ཀྱི་ཁ་ཕྱོགས་ཤེས་སུ་འཇུག་དགོས།

མུ་འགོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།