བུ་མོ་ཆུང་ཆུང་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བཅའ་ཁྲིམས། 2

(ལེ་ཚན་གོང་མའི་འཕྲོས་མཐུད།)

ལྟ་སྐྱོང་མི་སྣས་འགོག་སྲུང་གི་བྱེད་ཐབས་གང་དག་སྤྱོད་དགོས་སམ།

འདྲ་རིས་དང་མ་དཔེ་ལ་བརྟེན་ནས་བྱིས་པར་ལུས་པོའི་ཆ་ཤས་སོ་སོ་གསལ་བོར་བཤད་དགོས།

བྱིས་པ་ལ་འཚོ་བའི་ཁྲོད་ཀྱི་མི་མངོན་པའི་ཉེན་ཁ་གང་མང་ཞིག་གསལ་བོར་བཤད་དགོས། དཔེར་ན་ཚད་ལྡན་མིན་པའི་ལུས་པོའི་རེག་ཐུག་སོགས་ལ་དོགས་ཟོན་བྱས་ཏེ་རྨས་སྐྱོན་ཐེབས་ཚད་ཇེ་དམའ་རུ་གཏོང་དགོས།

བྱིས་པའི་ཤ་འབྱར་དང་རྐང་ཐུང་གིས་ཁེབས་ཚད་ལ་མི་གཞན་པར་རེག་ཐུག་བྱེད་དུ་འཇུག་མི་རུང་བ་གསལ་བོར་བཤད་དགོས།

བྱིས་པ་ལ་མི་གཞན་པར་རེག་ཐུག་བྱེད་དུ་འཇུག་མི་རུང་བའི་གསང་བའི་ཆ་ཤས་སོགས་གསལ་བོར་བཤད་དགོས།

བྱིས་པར་རང་ཉིད་ལ་མི་སུ་དང་གང་གིས་ཀྱང་ཚད་ལྡན་མིན་པའི་རེག་ཐུག་དང་བླང་བྱ་གཏན་འགོག་བྱེད་པའི་བདག་དབང་ཡོད་པ་བཤད་དགོས་ཤིང་། ཐ་ན་ཁྱིམ་བདག་དང་དགེ་རྒན་ཡང་དེ་ལས་མ་འདས།

བྱིས་པར་ལོག་གཡེམ་གྱི་གནོད་འཚེ་ནི་ཉེས་འགལ་གྱི་བྱ་སྤྱོད་ཡིན་པ་བཤད་དགོས། གལ་ཏེ་དོན་དག་དེ་འདྲ་བྱུང་བ་ན་གསང་མི་རུང་བར་དུས་ལྟར་ཁྱིམ་མི་དང་བུད་མེད་རྩ་འཛུགས། རང་ཉིད་ཀྱིས་ཡིད་རྟོན་བྱེད་པའི་མི་སོགས་ལ་ཡར་ཞུ་བྱས་ཏེ་གཏུམ་སྤྱོད་མཁན་ལ་ཁྲིམས་ལྟར་ཁྲིམས་ཆད་ནན་མོ་གཅོད་དགོས།

བྱིས་པར་ཡིད་ཆེས་དང་བྱིས་པའི་བློས་ཐུབ་ཀྱི་གྲོགས་པོ་བྱས་ཏེ་འབྲེལ་འདྲིས་ལེགས་པོ་གསར་འཛུགས་ཀྱིས་ཕན་ཚུན་གྱི་འབྲེལ་བར་སྐུལ་འདེད་བཏང་ནས། དེའི་རིགས་ཀྱི་དོན་དག་བྱུང་རྗེས་བྱིས་པའི་ཁྱིམ་བདག་དང་ཕ་མར་མི་བཤད་པའི་འཇིགས་སྣང་གི་སེམས་ཁམས་དེ་མེད་པར་བཟོ་དགོས།

ལྟ་རྟོག་ལྷོད་གཡེང་དང་རྒྱང་འགྱེད་བྱེད་མི་རུང་ལ། ནང་སྒོས་སུ་ཕྲུ་གུ་མོ་དང་སློབ་ཆུང་སློབ་མ་མོ་དག་གི་ལྟ་རྟོག་ལྷོད་གཡེང་བྱེད་མི་རུང་།

བུ་མོ་ཆུང་ཆུང་ལ་ཁྱིམ་མི་ལས་གཞན་པར་གང་འདོད་དུ་ལྟ་རྟོག་བྱེད་དུ་འཇུག་མི་རུང་ཞིང་། ཐ་ན་སྐར་མ་འགའ་ཡང་དེ་ལས་མ་འདས།

རང་ནུས་ཅི་ལྕོགས་ཀྱིས་སློབ་ཆུང་སློབ་མ་བུ་མོ་དག་སློབ་གྲྭར་འགྲོ་སྐྱེལ་བྱེད་པར་སྐྱེལ་ལེན་བྱེད་དགོས་ཤིང་། ནང་སྒོས་སུ་ལམ་ཐག་ཅུང་རིང་ཞིང་མཐའ་འཁོབ་ཀྱི་གནས་ནི་དེ་ལས་མ་འདས།

བུ་མོ་ཆུང་ཆུང་དག་དྲ་ཁང་ནང་དུ་མི་འགྲོ་བ་དང་དེ་ལས་ཀྱང་དྲ་སྟེང་ནས་གང་འདོད་ཀྱིས་གྲོགས་པོ་མི་འཚོལ་བ། དྲ་གྲོགས་ལ་ངོ་ཐུག་པ་དང་ཁོར་འགྲོགས་ནས་ཕྱི་རོལ་དུ་འགྲོ་བ་སོགས་བྱེད་མི་རུང་བ་གསལ་བོར་བཤད་དགོས། གལ་ཏེ་གནས་ཚུལ་དེ་འདྲ་བྱུང་བ་ན་སློབ་གྲྭ་དང་འབྲེལ་ཡོད་ཕྱོགས་ལ་དུས་ལྟར་དེར་འབྲེལ་གྱི་བྱ་བ་སྒྲུབ་དུ་བཅུག་སྟེ་གཏན་འགོག་བྱེད་པར་ཤུགས་སྣོན་དགོས།

དུས་ལྟར་ཤེས་རྟོག་བྱུང་བ་ན་བུ་མོ་ཆུང་ཆུང་གི་རྒྱུན་ལྡན་མིན་པའི་སྐད་ཆ་དང་རྣམ་འགྱུར་ལ་བརྟག་པར་མཐོང་ཆེན་བྱས་ཏེ། རྒྱུ་རྐྱེན་ལ་རྩད་གཅོད་གསལ་བོ་བྱས་ནས་འགལ་རྐྱེན་མེད་པར་གཏོང་དགོས།

རྒྱུན་ལོབས་ཀྱི་གནོད་འཚེ་གཏོང་ཐབས།

གལ་ཏེ་གཏུམ་སྤྱོད་མཁན་ནི་དགེ་རྒན་ཡིན་ན་མང་ཤོས་ཀྱིས་གཅིག་པུ་ལ་སློབ་ཁྲིད་མཛུབ་སྟོན་དང་འཕྲོད་བསྟེན་གཙང་སྦྲ་བྱེད་པ། བྱ་དངོས་ལ་ལྟ་རྟོག་བྱེད་པ་སོགས་ཀྱི་ཁ་གཡར་ནས་སློབ་མ་བུ་མོ་དག་སློབ་གྲྭ་རུ་འདུག་པ་བཀོད་སྒྲིག་བྱེད་ངེས། ཡང་ན་སྦྱངས་འབྲས་སྐར་མ་མཐོ་བ་དང་སློབ་མ་ཕུལ་བྱུང་སོགས་ལ་བསམ་བློའི་ངར་ཤུགས་སྤྲོད་པའི་གཟན་འཕངས་ནས། དགེ་རྒན་གྱིས་སྒྲུབ་བཞིན་པ་དག་ནི་རང་ཉིད་ལ་གཅེས་སྐྱོང་དང་རོགས་རམ་ཡིན་པའི་གོ་འཛོལ་བྱུང་དུ་བཅུག་པས། དགེ་རྒན་གྱིས་འདི་ལྟ་བུའི་དམིགས་གསལ་གྱི་གཅེས་སྐྱོང་དེའི་འོག་ཏུ་ཀུན་སློང་དང་དམིགས་འབེན་གཞན་ཞིག་ཡོད་པའི་ཐེ་ཚོམ་སྐྱེས་མི་སྲིད།

གལ་ཏེ་གཏུམ་སྤྱོད་མཁན་ནི་ཁང་བདག་དང་ཁྱིམ་མཚེས། རྒན་པ། དངོས་པོ་ཕྲན་བུའི་སྦྱིན་གཏོང་མཁན་ (དཔེར་ན་ཟས་རིགས་ཕྲན་བུ་དང་ལེགས་སྐྱེས་ཆུང་ངུ་སོགས། )ཡིན་ན། གནོད་འཚེ་ཐེབས་མཁན་བུ་མོ་ཆུང་ཆུང་དག་གིས་དེ་ནི་རང་ཉིད་ལ་གཅེས་པར་སེམས་པ་ལས་བྱ་དངོས་འདི་དག་གི་རྗེས་སུ་ལྐོག་གཡོ་དང་ཉེན་ཁ་ཡོད་པའི་འདུ་ཤེས་ཡོད་མི་སྲིད།

གལ་ཏེ་གཏུམ་སྤྱོད་མཁན་ནི་དྲ་གྲོགས་ཡིན་ན། མང་ཤོས་ཀྱིས་ཐོག་མར་བུ་མོ་ཆུང་ཆུང་དག་ལ་གྲོགས་པོ་བསྒྲིགས་པ་དང་ཐ་ན་སྐད་ཆ་ཅི་ཞིག་ཡོད་རུང་ཁོར་མ་གཏོགས་མི་བཤད་པའི་ཚད་ལ་སླེབས་ཡོད་དུས། དྲ་ཐོག་ནས་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་རང་ཉིད་ཁྱིམ་མི་དང་དགེ་རྒན་སོགས་ཀྱིས་བློར་འབབ་ཀྱིན་མེད་ཚུལ། སློབ་སྦྱོང་ལ་སུན་སྣང་སྐྱེ་བ་སོགས་བཤད་དེ་བུ་མོ་ཆུང་ཆུང་ལ་བསླུ་བྲིད་བཏང་ཞིང་། གཏུམ་སྤྱོད་མཁན་གྱི་ཕ་ཡུལ་དུ་ལྟ་སྐོར་ལ་འགྲོ་བ་དང་ཡང་ན་ཡོང་སྒོ་མཐོན་པོའི་ལས་ཀ་ངོ་སྤྲོད་བྱེད་པ་སོགས་ཀྱི་བསླུ་བྲིད་ཀྱིས་གནོད་འཚེ་གཏོང་བའི་གོ་སྐབས་དང་གཏུམ་སྤྱོད་ལ་བརྟེན་ནས་བུ་མོ་ཆུང་ཆུང་དག་བཙན་ཤུགས་ཀྱིས་ཚོང་ལས་རང་བཞིན་གྱི་འཁྲིག་སྲེད་ཞབས་ཞུར་ཞུགས་སུ་འཇུག་པ།

བུ་མོ་ཆུང་ཆུང་གི་འཁྲིག་སྲེད་གནོད་འཚེ།

《མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཁེ་དབང་སྤྱི་ཆིངས》ཁྲོད“བྱིས་པ”ཞེས་པ་དེས་ལོ་ན18ལ་མ་སོན་པའི་མི་གང་རུང་ཞིག་བསྟན་ཡོད་ལ། འདི་ནི་རང་རྒྱལ་བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པའི“ནར་མ་སོན་པའི་མི”ཞེས་པའི་གོ་དོན་དང་གཅིག་མཚུངས་རེད།

བུ་མོ་ཆུང་ཆུང་གི་འཁྲིག་སྲེད་གནོད་འཚེ་ཞེས་པ་དེས་གཏུམ་སྤྱོད་མཁན་གྱིས་བུ་མོ་ཆུང་ཆུང་དེ་འཁྲིག་སྤྱོད་ཀྱི་དམིགས་འབེན་དུ་བཟུང་ནས་དབང་ཤུགས་དང་ཟིལ་ཤུགས། དྲག་ཤུགས། རྒྱུ་ནོར། བྱ་དངོས་དང་ཡང་ན་སེམས་ཁམས་བཅས་ཀྱི་ཐད་ནས་བུ་མོ་ཆུང་ཆུང་ལ་ངར་སློང་དང་བསླུ་བྲིད། འཇིགས་སྐུལ། བཙན་ཤེད་བཅས་ཀྱིས་འཁྲིག་སྤྱོད་ཀྱི་འདོད་པ་སྐོང་དུ་འཇུག་པའི་བྱ་སྤྱོད་ཅིག་ཡིན། དེའི་ཁོངས་སུ་གཏུམ་སྤྱོད་མཁན་གྱིས་བུ་མོ་ཆུང་ཆུང་ལ་བཙན་གྱིས་རང་གི་ཕོ་མཚན་ལ་རེག་ཐུག་བྱེད་དུ་བཅུག་པ་དང་བུ་མོ་ཆུང་ཆུང་གི་མཚན་མར(ནུ་མ་དང་ཁོག་སྨད་སོགས)བཙན་གཡེམ་དང་མཚན་མ་ཕྱིར་མངོན་དུ་བཅུག་པ། དམར་རྗེན་གྱི་བརྙན་བླངས་ནས་ཁྱབ་སྤེལ་བཏང་བ་སོགས་བཙན་ཤུགས་ལ་བརྟེན་ནས་ཚོང་ལས་རང་བཞིན་གྱི་ཞབས་ཞུ་སྒྲུབ་དུ་འཇུག་པ།

དྲག་སྤྱོད་མཁན་གྱི་ལས་སྤེལ་མཁན།

གནོད་འཚེ་ཐེབས་མཁན་མང་ཤོས་ནི་རང་ལ་ཆ་རྒྱུས་ཡོད་པའི་མི་ཡིན་ཞིང་། དཔེར་ན་དགེ་རྒན་དང་སྨན་པ། རྒན་རབས་པ་དང་གྲོགས་པོ། ཁང་བདག ཁྱིམ་མཚེས། རང་སྡེ་བའི་སྡེ་མི་བཅས་ཡིན།

དེའི་ཁྲོད་ནས་ཉུང་ཤོས་ནི་ཕན་ཚུན་ངན་འབྲེལ་བྱས་པའི་མི་རྒྱུས་མེད་ཡིན།

མི་མངོན་པའི་དྲག་སྤྱོད་བྱེད་ཡུལ།

དྲག་སྤྱོད་མཁན་གྱི་རང་ཁྱིམ།

དྲག་སྤྱོད་མཁན་གྱིས་བྱ་བ་སྒྲུབ་པའི་ཡུལ་དངོས་དང་མལ་ཁང་། གལ་ཏེ་དྲག་སྤྱོད་མཁན་ནི་དགེ་རྒན་ཞིག་ཡིན་ན། དྲག་སྤྱོད་སྤེལ་ཡུལ་མང་ཤོས་ནི་དགེ་རྒན་གྱི་མལ་ཁང་དང་སློབ་ཁྲིད་བྱེད་སའི་སློབ་ཁང་ཡིན།

སློབ་གྲྭར་འགྲོ་བའི་ལམ་བར་དང་ཅུང་མཐའ་འཁོབ་ཀྱི་ས་སྟོང་། སྲང་ལམ་ཆུང་ངུ་། རི་ངོས། གཙང་འགྲམ། མཚེའུ་འགྲམ། ནགས་ཚལ་གྱི་ཁྲོད་བཅས་ཡིན།

ཚོང་གཉེར་རང་བཞིན་གྱི་གླུ་གར་ཁང་དང་ཁ་ཧྥེ་ཁང་། བརྙན་འབེབས་ཁང་། མཚན་མོའི་གློག་བརྙན་ཁང་སོགས་ཡིན།

འགོག་སྲུང་གི་འདུ་ཤེས་ཡང་དག་པ་ཞིག་ལྡན་དགོས།

བུ་མོ་ཆུང་ཆུང་གི་སྟེང་ལ་བཀོལ་བའི་རྣམ་པ་གང་རུང་གི་འཁྲིག་སྲེད་གནོད་འཚེ་ཡོད་ཚད་ནི་ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་ཡིན།

རྣམ་པ་གང་རུང་གི་གནོད་འཚེ་ཅི་ཡང་མི་སྒྲུབ་པ་རྒྱུན་འཁྱོངས་བྱེད་དགོས།

གནོད་འཚེ་ཐེབས་མཁན་ནི་སུ་ཞིག་ཡིན་རུང་ཚང་མར་བཅའ་ཁྲིམས་ཀྱི་ཉེས་ཆད་ཕོགས་སྲིད།

གཞན་གྱི་བུ་མོ་ཆུང་ཆུང་ལ་རོགས་བྱས་ཏེ་འཁྲིག་སྲེད་ཀྱི་གནོད་འཚེ་ལས་ཐར་དུ་བཅུག་པ་ནི་རང་གི་བུ་མོ་དང་ཚ་མོ་སོགས་ལ་འཁྲིག་སྲེད་ཀྱི་དྲག་སྤྱོད་ལས་རིང་དུ་གྱེས་པར་རོགས་རམ་བྱས་པ་ཡང་ཡིན།

ཁ་རོག་གེར་འདུག་པ་ནི་བུ་མོ་ཆུང་ཆུང་གི་འཁྲིག་སྲེད་གནོད་འཚེ་ལ་དཀྱེལ་ཡངས་དང་དོ་སྣང་མ་བྱས་པ་རེད།

སྲོལ་རྒྱུན་གྱི“ལུས་སྲུང་མཐའ་འཁྱོལ”བྱེད་པའི་ལྟ་སྟངས་དོར་ནས་གནོད་ཐེབས་བུ་མོ་ཆུང་ཆུང་དང་ཁྱིམ་མི་དག་གི་རྐྱེན་ངན་ལས་བྱུང་བའི་གནོན་ཤུགས་ཇེ་ཡངས་དུ་གཏོང་བ། བཅའ་ཁྲིམས་ཀྱིས་རོགས་སྒྲུབ་བྱེད་པའི་རེ་འདུན་ལ་སྐུལ་སློང་བྱེད་དགོས།

སྲོལ་རྒྱུན་གྱི་དགེ་རྒན་གཙུག་ཏུ་བཀུར་ནས་བསླབ་བྱ་ཡོད་ཚད་དང་ལེན་བྱེད་པའི་འདུ་ཤེས་གཏོར་སྟེ། སློབ་རའི་འཁྲིག་སྲེད་ཀྱི་དྲག་སྤྱོད་འགོག་སྲུང་བྱེད་དགོས།

བདག་སྐྱོང་མེད་པའི་བུ་མོ་ཆུང་ཆུང་དག་གཏུམ་སྤྱོད་མཁན་གྱི་དམིགས་འབེན་དུ་འགྱུར་སླ་ངེས།

དུས་ལྟར་གྱོད་དོན་སྙན་ཞུ་བྱེད་པ་ནི་ཁྲིམས་ལྟར་དྲག་སྤྱོད་མཁན་ལ་བཅའ་ཁྲིམས་ཀྱི་འགན་འཁུར་དུ་བཅུག་པ་དང་ཁྲིམས་འཛིན་སྡེ་ཁག་གི་མྱུར་སྐྱོབས་ཐོབ་པའི་ཡང་དག་པའི་ཐབས་ལམ་ཉག་གཅིག་ཡིན།

བུ་མོ་ཆུང་ཆུང་ལ་འཁྲིག་སྲེད་ཀྱི་གནོད་འཚེ་ཐེབས་པ་དེ་ནི་བུ་མོ་ཆུང་ཆུང་རང་ཉིད་ཀྱི་ནོར་འཁྲུལ་མིན་པས། དེ་ནི་ངོ་ཚ་དགོས་པའི་དོན་དག་ཞིག་ཀྱང་མ་ཡིན། དེ་ལས་ཀྱང་ཁྱིམ་ཚང་དང་ཁྱིམ་རྒྱུད་དེའི་ངོ་ཚ་དང་རྐྱེན་ངན་ཞིག་མིན་པར། རྙོག་འཛིང་ཆེ་བའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་རེད།

མི་སུ་དང་གང་གིས་ཀྱང་གནོད་འཚེ་ཐེབས་པའི་བུ་མོ་ཆུང་ཆུང་ལ་ལེ་བདའ་དང་སྡིགས་དམོད་མི་བྱེད་པར་གཅེས་སྐྱོང་དང་རོགས་རམ་བྱེད་དགོས།

མུ་འགོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།