བུ་མོ་ཆུང་ཆུང་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བཅའ་ཁྲིམས། 1

བུ་མོ་ཆུང་ཆུང་ལ་གཅེས་སྐྱོང་བྱས་ཏེ་ལོག་གཡེམ་གནོད་འཚེ་ལས་རིང་དུ་གྱེས་དགོས།

བུ་མོ་ཆུང་ཆུང་གི་ལོག་གཡེམ་གནོད་འཚེ་ནི་བུ་མོ་ཆུང་ཆུང་གི་མིའི་ཐོབ་ཐང་ལ་ཐེབས་པའི་གཏུམ་སྤྱོད་ཀྱི་དྲག་ཤུགས་དངོས་ཡིན་ལ། བྱིས་པ་ཕོ་མོ་གཉིས་ལས་མོ་ལ་དམིགས་གསལ་གྱིས་ཐེབས་པའི་གཏུམ་སྤྱོད་ཀྱི་གནད་དོན་ཞིག་ཀྱང་ཡིན་པས། སྤྱི་ཚོགས་ཧྲིལ་བོས་དེར་བསྟུན་གྱིས་དོ་ཁུར་འཐུས་ཚང་དང་ཧུར་ཐག་གིས་ཟབ་ཞུགས་སྒོས་བུ་མོ་ཆུང་ཆུང་ལ་དོ་ཁུར་བྱས་ཏེ། བུ་མོ་ཆུང་ཆུང་ལ་བདེ་ཐང་དང་བདེ་འཇགས་ཀྱི་འཚོ་བའི་ཁོར་ཡུག་ཞིག་གསར་སྐྲུན་བྱེད་དགོས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་སོ་དྲུག་པའི་ནང་གི་གཏན་འབེབས་ལྟར་ན། གཏུམ་སྤྱོད་དང་འཇིགས་སྐུལ། ཡང་ན་བྱེད་ཐབས་གཞན་དག་སྤྱད་དེ་བུད་མེད་ལ་བཙན་གཡེམ་བྱས་པ་ལ་དུས་བཀག་བཙོན་འཇུག་ལོ་གསུམ་གྱི་ཡན་ནས་ལོ་བཅུའི་མན་གྱི་ཉེས་ཆད་གཅོད་དགོས། ལོ་བཅུ་བཞིར་མ་སོན་པའི་བུ་མོ་ཆུང་ཆུང་ལ་ལོག་གཡེམ་བྱས་པའི་རིགས་ལ་ཉེས་ཆད་ལྕི་མོ་གཅོད་དགོས། བུད་མེད་ལ་བཙན་གཡེམ་དང་བུ་མོ་ཆུང་ཆུང་ལ་ལོག་གཡེམ་བྱེད་མཁན་རིགས་ལ་གཤམ་གསལ་གྱི་གནས་ཚུལ་རིགས་གཅིག་ཡོད་ན། ལོ་བཅུའི་ཡན་གྱི་དུས་བཅད་བཙོན་འཇུག ཚེ་བཙོན་དང་ཡང་ན་སྲོག་ཆད་གཅོད་དགོས།

(དང་པོ།)བུད་མེད་ལ་བཙན་གཡེམ་དང་བུ་མོ་ཆུང་ཆུང་ལ་ལོག་གཡེམ་བྱས་པའི་གནས་ཚུལ་ལ་གདུག་རྩུབ་ཆེ་བ།

(གཉིས་པ།)བུད་མེད་ལ་བཙན་གཡེམ་དང་བུ་མོ་ཆུང་ཆུང་ལ་ལོག་གཡེམ་མང་པོ་བྱས་ཡོད་པ།

(གསུམ་པ།)ཐུན་མོང་གི་ཡུལ་དངོས་སུ་མི་དམངས་འདུ་སར་བུད་མེད་ལ་བཙན་གཡེམ་བྱས་པ།

(བཞི་པ།)མི་གཉིས་ཡན་གྱིས་རེས་མོས་སྒོས་བཙན་གཡེམ་བྱས་པའི་སྐོར།

(ལྔ་པ།)དེའི་རྐྱེན་གྱིས་གནོད་འཚེ་ཕོགས་མཁན་ལ་རྨས་སྐྱོན་ཚབས་ཆེན་བྱུང་བའམ་རྐྱེན་ལམ་དུ་ཤོར་བ། ཡང་ན་དེ་ལས་གཞན་པའི་མཇུག་འབྲས་ཚབས་ཆེན་བཟོས་ཡོད་པ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་སོ་བདུན་པའི་ནང་དུ་གཏན་འབེབས་བྱས་ཡོད་པ་འདི་ལྟར། གཏུམ་སྤྱོད་དང་འཇིགས་སྐུལ། ཡང་ན་བྱེད་ཐབས་གཞན་པ་སྤྱད་དེ་བཙན་ཤེད་ཀྱིས་བུད་མེད་ལ་འཆལ་སྤྱོད་དང་དམའ་འབེབས་བྱེད་མཁན་ལ་དུས་བཀག་བཙོན་འཇུག་ལོ་ལྔ་མན་གྱི་བཙོན་འཇུག་དང་བཀག་སྐྱིལ་བྱེད་དགོས།

མི་མང་མཉམ་རུབ་དང་ཡང་ན་ཐུན་མོང་གི་ཡུལ་དངོས་སུ་གོང་གསལ་གྱི་ནག་ཉེས་བསགས་ཡོད་པའི་རིགས་ལ་དུས་བཙོན་ལོ་ལྔའི་ཡན་གྱི་ཉེས་ཆད་གཅོད་དགོས།

བྱིས་པར་འཆལ་རྩེད་བྱས་པའི་རིགས་ལ་གོང་གསལ་ཚན་པ་གཉིས་ཀྱི་གཏན་འབེབས་ལྟར་ཉེས་ཆད་ལྕི་མོ་གཅོད་དགོས།

ལོག་གཡེམ་གྱི་གནོད་འཚེ་ཐོགས་པ་ན་ཇི་ལྟར་བྱ་དགོས་སམ།

ཁྲིམས་མེད་ལུགས་མེད་ཀྱི་ནག་ཉེས་མཁན་ལ་མཚོན་ནས་བཤད་ན“མི་སྒྲུབ་པ”ཅི་ཡང་མེད། རང་ཉིད་ཐར་ཐབས་བྱས་ཏེ་བདེ་འཇགས་ཀྱི་གནས་ཤིག་འཚོལ་དགོས།

ཁྱོད་ཀྱིས་ཡིད་ཆེས་བྱས་ཆོག་པའི་མི་བསམ་ཤེས་ལ་བཤད་དེ་མི་རྣམས་ཁྱོད་ཀྱིས་བཤད་པ་ལ་ཡིད་ཆེས་སུ་འཇུག་དགོས།

གནོད་འཚེ་ཐེབས་པའི་འབྲེལ་ཡོད་བདེན་དཔང་གང་མང་ཞིག་ཉར་ཚགས་བྱེད་དགོས། (མང་ཤོས་ནི་དངོས་པོའི་བདེན་དཔང་ཡིན་ན་འགྲིག་ལ། དཔེར་ན་གཏུམ་སྤྱོད་མཁན་གྱིས་གནོད་འཚེ་ཕོགས་མཁན་གྱི་ལྭ་བ་དང་ལུས་སྟེང་དུ་བཟོས་པའི་སྦགས་དངོས་ཀྱི་རིགས་སོགས་ལྟ་བུ། )

དུས་ལྟར་གྱོད་དོན་སྙན་གསེང་ཞུས་ནས་སྤྱི་བདེ་མི་སྣ་ལ་རམ་འདེགས་བྱས་ཏེ་བདེན་དཔང་ལེན་དུ་འཇུག་པ།

ཡིད་ལ་འཛིན་རྒྱུ་ཞིག་ལ་གནོད་འཚེ་མཁན་གྱིས་རང་སྟེང་ནས་ཐག་གཅོད་བྱེད་རྒྱུར་སྒུག་མི་རུང་ལ། དེས་དུས་ཡུན་འགོར་འགྱངས་དང་བདེན་དཔང་རྩིས་མེད། གཏུམ་སྤྱོད་མཁན་གྱི་བཅའ་ཁྲིམས་ཀྱི་འགན་འཁྲི་འདེད་རྡུང་དཀའ་བ་བཅས་ཡིན།

ལུས་པོར་རྨས་སྐྱོན་ཐེབས་རྗེས་དུས་ལྟར་སྨན་ཁང་ལ་སོང་ནས་སྨན་བཅོས་བྱས་ཏེ་ནད་ཐོ་དང་ནད་རྟགས་ངོས་འཛིན་བྱས་པའི་དཔང་ཡིག རྨས་སྐྱོན་གསལ་འབྱེད་སྡོམ་ཚིག རིན་སྤྲད་འཛིན་ཤོག་བཅས་ཉར་ཚགས་བྱེད་དགོས།

སེམས་ཁམས་རིག་པའི་སྨན་པ་དང་སེམས་ཁམས་ཆེད་ལས་འདྲི་རྟོག་མི་སྣ་བཙལ་ནས་སེམས་ཁམས་ལ་མཛུབ་སྟོན་བྱེད་དུ་འཇུག་པ།

བུད་མེད་ལྷན་ཚོགས་དང་དམངས་ཁྲོད་བུད་མེད་ཚོགས་པ་སོགས་བཙལ་ནས་རོགས་སྐྱོར་བྱེད་པ་དང་བཅའ་ཁྲིམས་ཀྱི་རོགས་རམ་འཐོབ་དགོས།

རང་སྟེང་ནས་རང་ལུས་འགོག་སྲུང་ཐད་ཀྱི་གནད་དོན་ལ་ཕྱོགས་སྡོམ་བྱེད་དགོས།

མུ་འགོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།