རང་ཞིང་གི་ས་ཁུལ་སོ་སོས་གཟུགས་འདས་ཤུལ་བཞག་གི་བྱེད་སྒོ་སྤེལ་བའི་སྒོ་འཕར་ཕྱེས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། 2019ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུན་འཛིན་ཉིན་མོ་བསླེབ་ལ་ཉེ་བའི་སྐབས་འདིར། ཟླ6ཚེས3ཉིན། ཞིང་ཆེན་རིག་དངོས་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོབ་གྲུབ་འབྲས་ཀྱི་འདྲ་པར་འགྲེམ་སྟོན་དང་དམར་པོའི་ལམ་སྲོལ་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་སྒོ་འཕར་ཕྱེས་པས། ཞིང་ཆེན་ཡོངས་ཀྱི་མང་ཚོགས་ལ་ཕུན་སུམ་ཚོགས་པའི་གཟུགས་འདས་ཤུལ་བཞག་གི་གསོལ་ཚིགས་ཆེན་པོ་ཞིག་བཤམས་པ་རེད།

བྱ་འགུལ་གྱི་ཡུལ་དངོས་སུ་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་དག་གིས་ལྟད་མོ་པ་དག་ལ་མཚོ་སྔོན་གྱི་ས་གནས་ཁྱད་ཆོས་ཉམས་ལེན་བྱེད་དུ་བཅུག་ཡོད། རིག་དངོས་ཆེད་མཁས་མི་སྣ་མང་པོ་ཞིག་གིས་གྲོང་ཁྱེར་གྱི་མང་ཚོགས་ཀྱིས་མཁོ་སྤྲོད་བྱས་པའི“ཁྱིམ་རྒྱུད་ནོར་བུ”དག་ལ་རིན་མེད་གསལ་འབྱེད་དང་རིག་དངོས་བཅའ་ཁྲིམས་ཁྲིམས་སྲོལ་ཤེས་བྱའི་འདྲི་རྟོག་བྱས། རང་ཞིང་གིས་ད་ལོ་ཡང་བསྐྱར“ཁྱོད་རང་ཁྲིད་དེ་མཛེས་སྡུག་གི་མཚོ་སྔོན་ས་ཆའི་ལོ་རྒྱུས་ཀྱི་ཞབས་རྗེས་འཚོལ་བ”དང“རི་ཀློང་། ཆུ་འགོ། ལམ་གྱི་མཛེས་པ། ‘རྒྱུད་གཅིག་ལམ་གཅིག’ཁྲོད་ཀྱི་མཚོ་སྔོན་གྱི་འགྲེམ་སྟོན”3Dརྟོག་བཟོའི་འགྲེམ་སྟོན་བྱང་བུ། ཟུར་ངོས་མང་པོ་ཞིག་ནས་མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་དང“རྒྱུད་གཅིག་ལམ་གཅིག”ཁྲོད་མཚོ་སྔོན་གྱི་ནང་དོན་འདུས་པའི་རིག་གནས་བསམ་བློ་བརྗེ་རེས་ཀྱི་གནས་ཚུལ་སོགས་འགྲེམ་སྟོན་བྱས་ཡོད།

གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་རིག་གནས་ཤུལ་བཞག་གྲུབ་འབྲས་སྲུང་སྐྱོབ་འགྲེམ་སྟོན་ལས་གཞན། རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི་དུས་སྐབས་སུ། རང་ཞིང་གིས་ཞིང་ཆེན་ཧྲིལ་བོའི་ཁྱབ་ཁོངས་སུ་གཟུགས་འདས་ཤུལ་བཞག་རིག་དངོས་བཤམས་སྟོན་ཁང་དང་གཟུགས་འདས་ཤུལ་བཞག་ལས་གཞིའི་འདྲ་རིས་འགྲེམ་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་འཁྲབ་སྟོན། བརྗོད་དོན་དྲིལ་སྒྲོག་སོགས་ཀྱི་རིམ་སྟར་བྱ་འགུལ་སྤེལ་ཏེ། གཅིག་བསྡུས་འགྲེམ་སྟོན་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསླབ་གཞིའི་རྩོམ་ཡིག་གི་གཟུགས་འདས་ཤུལ་བཞག་རིག་དངོས་ཀྱི་དཀར་ཆག་ལས་གཞིའི་ཁྲོད་བདམས་ཐོན་དང་རིམ་པ་སོ་སོའི་གཟུགས་འདས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་ལས་གཞིའི་ཁྲོད་བདམས་ནས། ལོ་འདི་དག་རིང་གི་མཚོ་སྔོན་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ས་ཁུལ་གྱི་འཛུགས་སྐྲུན་གྲུབ་འབྲས་དྲིལ་སྒྲོག་བྱས་པ་རེད།

ཟི་ལིང་གྲོང་ཁྱེར་གྱིས་རིག་གནས་སྤྱི་གླིང་དུ་བལ་འཐག་འགེལ་གྲུམ་དང་ཤེལ་གྱི་རི་མོ་སོགས་ཀྱི་གཟུགས་འདས་ཤུལ་བཞག་ལས་གཞི་འགྲེམ་སྟོན་བྱས། ཧྲན་ཞི་ཚོང་ཚོགས་འགྲེམ་སྟོན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ས་གནས་རོལ་དབྱངས་སྒྱུ་རྩལ་འགྲན་སྡུར་ཆེན་མོ་ཡང་སྤེལ་པ་རེད། མཚོ་ཤར་གྲོང་ཁྱེར་ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་གིས་རྒྱལ་ཁབ་རིམ་པའི་ལས་གཞི་གཞིར་བཟུང་སྟེ། “མཛའ་གཞས”ཆེད་དོན་འཁྲབ་སྟོན་དང་ཧོར་རིགས་ཀྱི་གཉེན་སྟོན་རིག་རྩལ་འགྲེམ་སྟོན། གཟུགས་འདས་ཤུལ་བཞག་རྒྱུན་འཛིན་མི་སྣའི་རྩལ་ནུས་འགྲེམ་སྟོན་སོགས་ཀྱི་རིམ་བསྟར་བྱ་འགུལ་རབས་དང་རིམ་པ་སྤེལ་པ་རེད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ལག་ཤེས་སྒྱུ་རྩལ་ཐོན་རྫས་དང་རིག་དངོས་གསར་གཏོད་བརྩམས་ཆོས་འགྲན་སྡུར་དང་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམ་སྟོན་བྱས། མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་གྱིས་གཟུགས་འདས་ཤུལ་བཞག་རིག་དངོས་འགྲེམ་སྟོན་དང་སྲུང་སྐྱོབ་གྲུབ་འབྲས་དེ་གཙོ་བོར་བཟུང་སྟེ། ནུབ་མཚོ་གྲོང་རྡལ་རིག་གནས་ཐང་ཆེན་དུ་གཟུགས་འདས་རིག་དངོས་འགྲེམ་སྟོན་དང་རོལ་དབྱངས་སྒྱུ་རྩལ་འཁྲབ་སྟོན་སོགས་ཀྱི་སྣ་མང་བྱེད་སྒོ་སྤེལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གསེར་ཆེན་རྫོང་གི་སྨྱན་བྱེད་ལྟེ་གནས་ཐང་ཆེན་དུ་གཟུགས་འདས་ཤུལ་བཞག་ལས་གཞིའི་འདྲ་རིས་འགྲེམ་སྟོན་བྱས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གཉིས་རང་ས་གནས་ཀྱི་གཟུགས་འདས་ཤུལ་བཞག་རིག་དངོས་ཀྱི་ཐོན་ཁུངས་ལ་ཟུང་འབྲེལ་བྱས་ཏེ་ཁྱད་ལྡན་གཟུགས་འདས་ཤུལ་བཞག་རིག་དངོས་འགྲེམ་སྟོན་དང་གླུ་གར་འགྲེམ་སྟོན་འཁྲབ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་བ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།