མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་གནས་ཚུལ་གསར་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན། 2019ལོའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅོ་བརྒྱད་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་པེ་ཅིང་ནས་བསྡུས། གྲོས་ཚོགས་ལས་འགྲན་སྡུར་ལ་བཀོད་སྒྲིག་དང་འབྲེལ་ཡོད་གྲ་སྒྲིག་བྱ་བ་སོགས་ཀྱི་ནང་དོན་ཁྱབ་སྒྲོག་བྱས་ཤིང་། རྒྱལ་ཡོངས་ཀྱི་སྨྱན་བྱེད་ལས་ཁུངས70ལྷག་ཚོགས་འདུར་ཞུགས་པ་རེད།

ཐེངས་འདིའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅོ་བརྒྱད་པ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་། ཉིང་ཞ་ཧའེ་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་མཛད་ཅིང་། ཀྲུང་གོ་ལྕགས་རྟའི་ལུས་རྩལ་མཐུན་ཚོགས། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ལུས་རྩལ་འཕྲིན་ལམ། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། ཀན་སུའུ་ཞིང་ཆེན་ལུས་རྩལ་ཅུའུ། ཉིང་ཞ་ཧའེ་རིགས་རང་སྐྱོང་ཁུལ་ལུས་རྩལ་ཅུའུ་དང་འགྲན་ཁུལ་སྲིད་གཞུང་གིས་འགན་སྒྲུབ་དང་། ཀྲུང་གོ་ཁོར་ཡུག་ཚན་རིག་སློབ་ཚོགས། ཀྲུང་གོ་ལྗང་སྒྱུར་ཐེབས་རྩ་ཚོགས་པ་དང་ཀྲུང་གོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མཐུན་ཚོགས་བཅས་ཀྱིས་རོགས་སྒྲུབ་མཛད་པ་རེད།

རྒྱུས་ལོན་པ་ལྟར་ན། སྐབས་འདིའི་འགྲན་སྡུར་ཟླ7པའི་ཚེས14ཉིན་ནས་ཟླ7པའི་ཚེས27ཉིན་མཚོ་སྔོན་དང་ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན་གསུམ(ས་ཁུལ)ནས་བསྡུ་རྒྱུ་ཡིན་ཞིང་། ཟླ7པའི་ཚེས13ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ནས་འགོ་རྩོམ་མཛད་སྒོ་བསྡུས་ཏེ། ཟླ7པའི་ཚེས27ཉིན་དབྱིན་ཁྲོན་གྲོང་ཁྱེར་ནས་མཇུག་བསྡུས་མཛད་སྒོ་བསྡུ་རྒྱུ་ཡིན་ལ། འགྲན་སྡུར་གྱི་སྤྱིའི་རིང་ཚད་ལ་ཁྱོན་བསྡོམས་སྤྱི་ལེ3001ཡོད་པ་རེད།

ད་ལོའི་མཚོ་སྐོར་ལྕགས་རྟ་འགྲན་སྡུར་ལ་སྔར་ཡོད་ཀྱི་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་འགྲན་རིམ་བཞི་པོར་ཐད་གཏོང་བྱེད་པའི་རྨང་གཞིའི་སྟེང་། འགྲན་སྡུར་ཧྲིལ་པོར་དྲ་རྒྱའི་སྟེང་ནས་ཐད་གཏོང་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།