མཚོ་སྔོན་སློབ་ཆེན་ལ་རྒྱལ་ཡོངས་ཀྱི་སྐབས་དྲུག་པའི་སློབ་ཆེན་པའི་བཟོ་སྐྲུན་སྦྱོང་བརྡར་ཕྱོགས་བསྡུས་འགྲན་རྩོད་ཁྲོད་རྒྱལ་ཡོངས་ཀྱི་སྦྱངས་འབྲས་ལེགས་པོ་ཐོབ་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཟླ6ཚེས2ཉིན་སློབ་གསོ་པུའུ་མཐོ་རིམ་སློབ་གསོ་ཟི་ཡིས་འགན་སྒྲུབ་བྱས་པའི་རྒྱལ་ཡོངས་ཀྱི་སྐབས་དྲུག་པའི་སློབ་ཆེན་སློབ་མའི་བཟོ་སྐྲུན་སྦྱོང་བརྡར་ཕྱོགས་བསྡུས་ནུས་ཤུགས་འགྲན་སྡུར་གྱི་རྒྱལ་ཡོངས་སྤྱིའི་འགྲན་སྡུར་དེ་ཐེན་ཅིན་དུ་བདེ་བླག་ངང་མཇུག་བསྡུས་པ་རེད། རྒྱལ་ཡོངས་ཀྱི་སློབ་ཆེན་མི་འདྲ་བ148ནས་རུ་ཁག་མི་འདྲ་བ276སྤྱིའི་འགྲན་སྡུར་ལ་ཟབ་ཞུགས་བྱས་ཡོད། མཚོ་སྔོན་སློབ་ཆེན་གྱི་རུ་དཔུང་མི་འདྲ་བ3སྤྱིའི་འགྲན་སྡུར་ལ་ཟབ་ཞུགས་བྱས་པ་མ་ཟད། དེར་འབྲེལ་གྱི་སྦྱངས་འབྲས་ལེགས་པོ་བླངས་ཡོད། དེའི་ཁྲོད“ཐན་མེད་རླངས་འཁོར་ཆུང་ངུ‘S’སྐོར་ལམ་སྟེང་འགྲན་རྒྱུག་བྱེད་པ”ལ་རྒྱལ་ཁབ་རིམ་པའི་དམིགས་གསལ་བྱ་དགའ་ཐོབ། “རིག་ནུས་ལ་བརྟེན་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་འཕྲུལ་མི”ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ། “ཐན་མེད་རླངས་འཁོར་ཆུང་ངུ‘8གཉིས’སྐོར་ལམ་སྟེང་འགྲན་རྒྱུག་བྱེད་པ”ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད།

རྒྱལ་ཡོངས་ཀྱི་སློབ་ཆེན་པའི་བཟོ་སྐྲུན་སྦྱོང་བརྡར་ཕྱོགས་བསྡུས་ནུས་ཤུགས་འགྲན་སྡུར་ནི་སློབ་གསོ་པུའུ་ཡིས་དཔྱད་སྡུར་དཔྱད་འཇོག་ཁྲོད་བཞག་པའི་འགྲན་སྡུར་གཙང་སེལ་རང་བཞིན་གྱི་སློབ་ཆེན་པའི་འགྲན་རྩོད་ཐེངས་ཤིག་རེད་ལ། དེས་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་དགེ་སློབ་དག་ལ་ཤུགས་རྐྱེན་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་བཞག་ཡོད་པས། རྒྱལ་ནང་གི་མཐོ་རིམ་སློབ་གསོའི་འཕྲུལ་ཆས་དང་གློག་རྡུལ་ཆེད་ལས་ཁྱབ་ཁོངས་ཀྱི་འགྲན་སྡུར་རྩེ་གྲས་སུ་ཡང་གཏོགས་པ་རེད། ཐེངས་འདིའི་འགྲན་སྡུར་འགོ་ཚུགས་པ་ནས་བཟུང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་མི་འདྲ་བ29ཡི་སློབ་གྲྭ498གྱི་ཡན་ལག་རུ་ཁག་3536ལྷག་སློབ་གྲྭ་རིམ་པ་དང་ཞིང་ཆེན་རིམ་པའི་འདེམས་སྒྲུག་འགྲན་སྡུར་ལ་ཞུགས་ཤིང་། ཁྱོན་བསྡོམས་མི་གྲངས50000ལྷག་ལ་བུད་པ་དང་ལོ་རྒྱུས་སྟེང་གི་འགྲན་སྡུར་ལེགས་ཤོས་ཡང་ཡིན། མཚོ་སྔོན་སློབ་ཆེན་གྱིས་བསྡོམས་པས་སློབ་རའི་འགྲན་སྡུར་རུ་དཔུང་མི་འདྲ21རྩ་འཛུགས་བྱས་ཤིང་། སློབ་གྲྭའི་ནང་ཁུལ་གྱི་འདེམས་སྒྲུག་བརྒྱུད་རུ་དཔུང་མི་འདྲ་བ6ཧྲའན་ཞི་ཞིང་ཆེན་གྱི་འགྲན་སྡུར་དུ་ཞུགས་ཡོད། དེའི་ཁྲོད་རུ་དཔུང་མི་འདྲ་བ3རྒྱལ་ཡོངས་ཀྱི་སྤྱིའི་འགྲན་སྡུར་ལ་ཞུགས་ཡོད།

ལོ་འདི་དག་གི་རིང་ལ་མཚོ་སྔོན་སློབ་ཆེན་གྱིས་གསར་གཏོད་ལས་ཞུགས་བྱ་བར་ཚད་མཐོའི་མཐོང་ཆེན་གནང་ཞིང་བྱ་བའི་ལས་གཏོད་ཚད་གཞི་མུ་མཐུད་དུ་ཆེས་ཆེར་བཏང་ནས། ཡོངས་ཁྱབ་ཀྱིས་སློབ་གསོའི་ལས་ཞུགས་གསར་གཏོད་ལ་སྐུལ་འདེད་བཏང་ནས་གསར་གཏོད་ལས་ཞུགས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པར་བཏང་ཡོད། གསར་གཏོད་ལས་ཞུགས་བྱ་བ་དེ་ཡང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་ཞིང་མང་ཚོགས་ཀྱི་ལས་གཏོད་དང་སྤྱི་འབངས་ཀྱི་གསར་གཏོད་འདུ་ཤེས་ཀྱི་རྩད་པ་དེ་དགེ་སློབ་དག་གི་སེམས་ཁོངས་སུ་གསལ་བོར་སྤས་ཏེ། རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་རིམ་པ་མི་འདྲ་བའི་འགྲན་སྡུར་གང་མང་ཁྲོད་བྱ་དགའ་མཐོན་པོ་བླངས་ཏེ། ལས་གཏོད་ཟུང་འབྲེལ་བྱ་བའི་ཐད་ལ་གྲུབ་འབྲས་ངེས་ཅན་ཞིག་བླངས་ཡོད། གཞུག་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་སློབ་གྲྭས་བསམ་གཞིག་གི་ནུས་པ་དང་མཐོང་རྒྱ་སྔར་ལས་ཆེས་ཆེར་བསྐྱེད་དེ་དུས་རབས་གསར་བའི་གསར་གཏོད་ལམ་ལུགས་ཀྱི་བྱ་བའི་ཁྱད་ཆོས་ལ་ཞིབ་འཇུག་གཏིང་ཟབ་དུ་སྤེལ་ནས་བྱ་བའི་བྱེད་ཐབས་ལ་ཤུགས་བསྣན་ཤིང་། དགོངས་དོན་གསར་གཏོད་དང་དངོས་ཡོད་ནུས་ཤུགས་ལ་ཧུར་ཐག་གིས་གསབ་སྦྱོང་བྱས་ཏེ། མཚོ་སྔོན་ལ་དགའ་བ་དང་མདོ་དབུས་མཐོ་སྒང་དུ་དེང་རབས་དང་མཐུན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཚད་ཇེ་མཐོར་བཏང་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།