མཚོ་ཤར་སྦྲག་སྲིད་ཀྱིས་སྡེ་བའི་སྒྲིག་སྲོལ་འཛུགས་སྐྲུན་བྱ་བར་རོགས་འདེགས་བྱས་ཏེ་སྡེ་བའི་ནང་དུ་སྦྲག་སྲིད་ཤར་གཏོང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཉིན་འདི་དག་གི་རིང་ལ་མཚོ་ཤར་གྲོང་ཁྱེར་གྱི་སྦྲག་སྲིད་བདག་དོམ་ཅུའུ་ཡིས་མི་སྣ་རྩ་འཛུགས་བྱས་ཏེ་སྡེ་བའི་སྒྲིག་སྲོལ་འཛུགས་སྐྲུན་གྱི་སྦྲག་སྲིད་ཤར་གཏོང་གནས་ཚུལ་ཐད་ལ་ཆེད་དོན་ཞིབ་བཤེར་བྱ་བ་ལེགས་པོར་སྒྲུབ་པ་རེད། དེས་དགོངས་དོན་གཙོ་བོ་ནི་གྲོང་ཁྱེར་ཡོངས་ཀྱི་སྡེ་བའི་སྒྲིག་སྲོལ་གྱིས་ཐད་ཀར་དུ་སྦྲག་སྲིད་ཤར་གཏོང་ཐུབ་པ་སྲ་བརྟན་ཅན་ཏུ་བཏང་ནས། ཞིང་སྡེའི་ས་ཁུལ་གྱི་སྦྲག་སྲིད་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་སྟེ་ཞབས་ཞུའི་ཆུ་ཚད་ཡོངས་ཁྱབ་ཅན་ཏུ་བཏང་ནས་ཞིང་སྡེའི་ས་ཁུལ་གྱི་མང་ཚོགས་ཀྱིས་སྦྲག་སྲིད་བེད་སྤྱོད་བྱེད་པའི་ཁེ་དབང་ལ་སྲུང་སྐྱོབ་བྱས་པ་རེད།

ཐེངས་འདིའི་སྡེ་བའི་སྒྲིག་སྲོལ་འཛུགས་སྐྲུན་གྱི་སྦྲག་སྲིད་ཤར་གཏོང་ཆེད་དོན་ཞིབ་བཤེར་བྱ་བ་དེས《སྦྲག་སྲིད་ཀྱི་ཡོངས་ཁྱབ་ཞབས་ཞུའི》ཚད་གཞི་ནན་མོ་གཞིར་བཟུང་སྟེ། གྲོང་ཁྱེར་ཧྲིལ་བོའི་ས་ཁུལ་གཉིས་དང་རྫོང་བཞི་ཡི་ཡུལ་ཚོ་དང་གྲོང་རྡལ8གྱི་སྡེ་བ76ལ་སྦྲག་སྲིད་ཤར་གཏོང་བྱས་པའི་གནས་ཚུལ་ལ་རྩད་གཅོད་ཞིབ་བཤེར་ནན་མོ་བྱས་ཡོད། ཅུང་མཐའ་འཁོབ་ཡིན་པའི་ས་ཁུལ་གྱི་ཞིང་སྡེའི་སྦྲག་སྲིད་འཕྲིན་སྐྱེལ་གཙོ་བོར་བཟུང་སྟེ་ཚད་ལྡན་ཡིན་མིན་གྱི་གནས་ཚུལ་དང་སྦྲག་སྲིད་ཤར་གཏོང་ཐོ་འགོད་བརྡ་འཕྲིན་གྱི་དོན་དངོས་ཡང་དག་པའི་ཚད་གཞི་ལ་ཡང་ཞིབ་བཤེར་ནན་མོ་བྱས་ཡོད།

ཞིབ་བཤེར་བྱ་བའི་ཁྲོད་ལས་བྱེད་མི་སྣ་དག་གིས་སྡེ་དམངས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་བྱེད་མི་སྣ་དག་ལ་བསམ་བློ་བརྗེ་རེས་བྱས་ཤིང་། ས་གནས་གང་དེའི་མང་ཚོགས་ཀྱི་སྦྲག་སྲིད་བེད་སྤྱོད་ཐབས་ལམ་ཐད་བཅའ་འདྲི་བྱས་ཏེ། སྡེ་བའི་སྒྲིག་སྲོལ་འཛུགས་སྐྲུན་ཁྲོད་གཟའ་འཁོར་རེ་རེར་བསྐྱལ་བཞིན་པའི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ། འཕྲིན་ཡིག ཐུམ་སྒྲིལ་དངོས་པོ་སོགས་དངོས་སྐྱེལ་བྱས་པའི་གནས་ཚུལ་ཐད་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། སྡེ་མི་དག་གི་སྦྲག་སྲིད་བེད་སྤྱོད་བྱེད་པའི་ཐད་ཀྱི་བསམ་འཆར་འདྲ་མིན་སྣ་ཚོགས་ཡང་དུས་ལྟར་བསྡུ་ལེན་བྱས། ཐེངས་འདིའི་ཞིབ་བཤེར་རྩད་གཅོད་བརྒྱུད་མཚོ་ཤར་གྲོང་ཁྱེར་གྱི་རྫོང་དང་ས་ཁུལ་སོ་སོའི་སྦྲག་སྲིད་ཀུང་ཟིས་ཆ་སྙོམས་སྒོས་སྡེ་བའི་སྒྲིག་སྲོལ་འཛུགས་སྐྲུན་གྱི་སྦྲག་སྲིད་ཤར་གཏོང་བྱ་བའི་དགོས་མཁོ་དེ་རིམ་བཞིན་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ཡོད། སྡེ་བའི་སྦྲག་སྲིད་ཤར་གཏོང་བདག་དོམ་བྱ་བའི་ཐོ་འགོད་འཐུས་ཚང་དང་སྦྲག་སྲིད་འཕྲིན་སྐྱེལ་གྱི་ཞབས་ཞུའི་སྤུས་ཚད་དེས་ས་གནས་མང་ཚོགས་ཀྱི་བློ་ཡིད་ཚིམས་སུ་བཅུག་ཡོད།

རྒྱུས་ལོན་བྱས་པ་ལས་ཤེས་གསལ་ལྟར་ན། ད་ལོ་མཚོ་ཤར་གྲོང་ཁྱེར་སྦྲག་སྲིད་བདག་དོམ་ཅུའུ་ཡིས་མངའ་ཁོངས་ཀྱི་སྡེ་བའི་སྒྲིག་འཛུགས་བྱ་བའི་སྦྲག་སྲིད་ཤར་གཏོང་གནས་ཚུལ་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་ཆེས་ཆེར་བཏང་ཞིང་། རྩད་གཅོད་བྱེད་པའི་ཚད་གཞི་རྒྱ་བསྐྱེད་དེ་ཡུལ་དངོས་ཞིབ་བཤེར་རྩད་གཅོད་དང་ཡུལ་དངོས་བསམ་འཆར་བསྡུ་རུབ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་སྡེ་བའི་སྒྲིག་སྲོལ་འཛུགས་སྐྲུན་གྱི་སྦྲག་སྲིད་ཤར་གཏོང་གནས་ཚུལ་ཐད་ལ་ཞིབ་བཤེར་བྱས་ཡོད། ལོ་གཅིག་གི་ནང་དུ་ཞིབ་བཤེར་ལས་འགན་ཡོངས་འགྲུབ་བྱས་ཏེ། སྦྲག་སྲིད་ཁེ་ལས་ལ་མུ་མཐུད་དུ་ལྟ་སྐུལ་སློབ་སྟོན་གྱིས་མཁོ་སྤྲོད་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏང་ནས། སྡེ་བའི་སྒྲིག་སྲོལ་འཛུགས་སྐྲུན་དེ་མུར་བསྟུན་དང་བརྟན་འཇགས། སྟབས་བདེ་ཅན་གྱི་སྦྲག་སྲིད་ཞབས་ཞུ་ཤར་གཏོང་བྱས་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།