ཞིང་ཆེན་ཏང་ཨུའི“ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ6པའི་ཚེས3ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི“ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། “ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་ནན་ཏན་བྱས་ནས། རང་ཞིང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་འབྲེལ་ཡོད་ལས་དོན་སྤེལ་རྒྱུར་ཞིབ་འཇུག་བྱས་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་ཏང་ཨུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་། འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཝང་ཡུས་ཡན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག“ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་བརྗོད་དོན་གཙོ་བོའི་སློབ་གསོ་ནན་ཏན་ངང་སྤེལ་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་སར་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། བརྗོད་དོན་གཙོ་བོའི་སློབ་གསོའི་རྩ་བའི་ལས་འགན་ཁོང་དུ་ཆུད་པ། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ནས། སློབ་སྦྱོང་བྱེད་པའི་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་བཤེར་བྱེད་པ། དག་ཐེར་དོན་འཁྱོལ་བཅས་ཀྱི་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབས་ཤིང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཕན་འབྲས་ཐོན་པ་དང་། བསམ་བློ་ཆབ་སྲིད་ལ་ཉམས་སད་ཐེག་པ། ལས་སྒྲུབ་ལས་གཏོད་ཀྱི་འགན་འཁྲི་འཁུར་ཕོད་པ། མི་དམངས་ལ་ཞབས་འདེགས་ཞུ་བ། སྤྱོད་གཙང་གཞུང་དྲང་གིས་མིག་དཔེ་འདོན་པ་བཅས་ཀྱི་དམིགས་ཚད་འགྲུབ་པར་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་བརྗོད་བྱ་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། “ཐོག་མའི་བསམ་འདུན་མི་བརྗེད། འགན་འཁྲི་ཡིད་ལ་དམ་འཛིན”གྱི་དད་སེམས་ལ་བརྟེན་ནས་བརྗོད་བྱ་གཙོ་བོའི་སློབ་གསོ་ཇུས་འགོད་བྱེད་པ། “འདུ་ཤེས་བཞི”དང་། “གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་རང་རྟོགས་ཀྱིས་བརྗོད་བྱ་གཙོ་བོའི་སློབ་གསོར་ཞིབ་འཇུག་བྱེད་པ། ཏང་ལེགས་སྐྱོང་གི་ལས་གཞི་རླབས་པོ་ཆེ་གསར་པའི་མཐོ་ཚད་ཐོག་ནས་བརྗོད་བྱ་གཙོ་བོའི་སློབ་གསོར་སྐུལ་འདེད་གཏང་བ། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པའི་ཕན་འབྲས་ཀྱིས་བརྗོད་བྱ་གཙོ་བོའི་སློབ་གསོར་ཞིབ་བསྡུར་བྱེད་པ། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་ཁག་ཅིག་ཆགས་པར་བྱས་ནས་བརྗོད་བྱ་གཙོ་བོའི་སློབ་གསོར་ཞིབ་བཤེར་བྱས་ཏེ། མཚོ་སྔོན་གྱི་བརྗོད་བྱ་གཙོ་བོའི་སློབ་གསོའི་སྤུས་ཚད་མཐོ་བའི་རྒྱུགས་ལན་སྤྲད་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་སྤེལ་བའི་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།