རང་ཞིང་གི་མི་རིགས་ས་ཁུལ་གྱི་འགྲིམ་འགྲུལ་སྡེ་བ་སོ་སོར་ཤར་གཏོང་བྱ་རྒྱུ་རེད།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན། ཡ་རྫི་སོགས་ཀྱི་མྱུར་བགྲོད་གཞུང་ལམ་ལེགས་འགྲུབ་ཤར་གཏོང་བརྒྱུད་མཚོ་ཤར་གྲོང་ཁྱེར་གྱི་ཡ་རྫི་རྫོང་སོགས་ཀྱི་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་དེ་མཇུག་རྫོགས་པ་རེད། དེས་དཔའ་ལུང་དང་གཅན་ཚ། ཡ་རྫི་བཅས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས། དམར་གཙང་། ཧོར་གྲོང་། རྟ་ཐང་། ཙོང་ཁ་བཅས་སུ་གཞུང་ལམ་འཛུགས་སྐྲུན་བྱས་ཏེ་ཕན་ཚུན་ཟུང་འབྲེལ་གྱིས་ཧོར་གྲོང་ནས་ཙོང་ཁ་རྫོང་བཅས་ཀྱི་འགྲིམ་འགྲུལ་འཁོར་ལྟེ་གལ་ཆེན་དུ་གྱུར་ཡོད། གསར་འགོད་པས་ཉེ་ལམ་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་གིས་ཧོར་གྲོང་དང་ཡ་རྫི་སོགས་མི་གྲངས་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ས་ཁུལ་དག་ལས་ཡུལ་གཙོ་བོར་བཟུང་སྟེ། འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་དེ་གཙོ་བོར་བཟུང་ནས། འགྲིམ་འགྲུལ་སྐྱེལ་འདྲེན་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བྱས་ཡོད། ད་ལྟའི་ཆར་ས་ཁུལ་འདི་དག་གི་ཁྱབ་ཁོངས་ཁྲོད་ཀྱི་ཞིང་སྡེའི་མང་ཚོགས་ལམ་དུ་བགྲོད་དཀའ་བའི་གནད་དོན་དེ་ཐག་གཅོད་བྱས་ཤིང་། རིགས་སོ་སོའི་མང་ཚོགས་ཀྱི་ཚོར་ཤེས་རང་བཞིན་མཐོར་འདེགས་སུ་བཏང་སྟེ། བདེ་སྐྱིད་ཀྱི་ཚོར་ཤེས་དང་བདེ་འཇགས་ཀྱི་ཚོར་ཤེས་མཐོར་འདེགས་སུ་བཏང་ཡོད།

རྒྱུས་ལོན་བྱུང་པ་ལས་ཤེས་གསལ་ལྟར་ན། མི་གྲངས་ཅུང་ཉུང་བའི་མི་རིགས་འདུས་སྡོད་ས་ཁུལ་གྱི་ཕྱི་ཕྱོགས་འགྲོ་འོང་སྒྲོམ་གཞིའི་དྲ་བ་བཙུགས་སྟེ། རང་ཞིང་གི་རིམ་པ་དང་པོའི་རྒྱལ་ཁབ་ཀྱི་ཞིང་ཆེན་གཞུང་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་དང་སྐུལ་འདེད་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར370བཏང་ཡོད། སྔ་གཞུག་ཏུ་ཡ་རྫི་ནས་རོང་བོ་འགག དམར་གཙང་བརྒྱུད་དེ་ཧོར་གྲོང་ནས་རྟ་ཐང་བར་གྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ་འཛུགས་སྐྲུན་བྱས་ཏེ། ཡ་རྫི་རྫོང་ལ་མྱུར་བགྲོས་གཞུང་ལམ་མེད་པའི་ལོ་རྒྱུས་དེ་མཇུག་བསྡུས་པ་རེད། ཡ་རྫི་དང་ཧོར་གྲོང་སོགས་ལ་ཆ་སྙོམས་སྒོས་རྫོང་ཡོངས་སུ་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས་ཤིང་། ཤང་དང་གྲོང་རྡལ100%ནས96%ཡི་སྡེ་བ་དག་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས་ཡོད།

གཞུང་ལམ་གྱི་དྲ་རྒྱའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་དེ་མུ་མཐུད་དུ་མཐོར་འདེགས་སུ་བཏང་ནས་ཞིང་སྡེ་སོ་སོའི་འགྲུལ་སྐྱེལ་ཤར་གཏོང་ཚད་གཞི་ཆེས་ཆེར་བཏང་ནས་མཁར་གྲོང་གི་འགྲུལ་སྐྱེལ་ཞབས་ཞུ་སོགས་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་ཡོད། ཡ་རྫི་རྫོང་དུ་ད་ལྟ་འགྲུལ་སྐྱེལ་རླངས་འཁོར127དང་རྫོང་ཡོངས་སུ་སྤྱི་སྤྱོད་གཞུང་ལམ་གྱི་ལམ་ཐིག6ཤར་གཏོང་བྱས་ཏེ། ཧོར་གྲོང་རྫོང་དུ་འགྲུལ་སྐྱེལ་རླངས་འཁོར་ལམ་ཐིག46དང་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག26ཡོད། སྡེ་བ་སོ་སོའི་གཞུང་ལམ་བརྒྱུད་དེ་སྡེ་བའི་ནང་གི་འགྲུལ་སྐྱེལ་འཛུགས་སྐྲུན་ཐད་རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་གང་ལེགས་བསྐྲུན་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།