ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་རྒྱུན་ཤེས་ངོ་སྤྲོད། 9

(ལེ་ཚན་གོང་མའི་འཕྲོས་མཐུད།)

(ཉེར་དགུ་པ།)ནག་འཇོམས་ངན་སེལ་དེ་ཅི་ལྟར་སྒྲུབ་ན་ད་བཟོད་བྱ་བའི་སྒྲིག་གཞི་ལ་ཕན་ནུས་ངེས་ཅན་ཞིག་ཐོན་ཐུབ་བམ།

ད་ལྟའི་ནག་ཚོགས་དང་ངན་ཕྱོགས་ལ་འབྲེལ་བ་ཡོད་པའི་གནད་དོན་གྱི་འཁོར་ཕྱོགས་གསར་བ་ལ་ཁ་གཏད་དེ། དོན་དངོས་གཞིར་བཟུང་ནས་ཆེད་དོན་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། ཁྲིམས་བརྟེན་བཅོས་སྐྱོང་། འགོ་ཁུངས་བཅོས་སྐྱོང་བཅས་ཟུང་འབྲེལ་དམ་པོ་བྱས་ནས། ནག་ཚོགས་དང་ངན་ཕྱོགས་སྟོབས་ཤུགས་ཀྱི་ནག་ཉེས་དང་རུལ་སུངས་ལ་རྡུང་རྡེག་ཚབས་ཆེན་གཏོང་དགོས། དེ་ཡང་གཞི་རིམ་དུ“སྦྲང་མ་གསོད་པ”ལ་ཟུང་འབྲེལ་བྱས་ཏེ། ནག་འཇོམས་ངན་སེལ་དང་གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་གཉིས་ཟུང་འབྲེལ་སྒོས། ནག་ཚོགས་ཀྱི་སྟོབས་ཤུགས་ནག་ཉེས་ལ་འདར་སྐྱོམས་བཟོ་བའི་རྡུང་རྡེག་ཚབས་ཆེན་བཏང་སྟེ། རྩ་བ་ནས་རྨེག་མེད་དུ་བཏང་པའི་རྣམ་པ་མངོན་པར་བྱེད་དགོས། ད་རུང་ནག་ཚོགས་སྟོབས་ཤུགས་རྨེག་མེད་དུ་བཏང་ནས་གཤིན་ས་ལེགས་པོ་ཞིག་འཁྲུངས་བའི་ཡུན་རིང་གི་སྒྲིག་གཞི་ནུས་ལྡན་ཞིག་གྲུབ་པ་བྱ་དགོས།

(སུམ་བཅུ་པ།)ནག་ཚོགས་སྟོབས་ཤུགས་ལ་མི་གཏོགས་པའི་ཁྲིམས་འགལ་བྱ་སྤྱོད་ཀྱི་གྱོད་དོན་དེ་ཇི་ལྟར་སྙན་ཞུ་བྱེད་དགོས་སམ།

ནག་ཚོགས་སྟོབས་ཤུགས་ལ་མི་གཏོགས་པའི་ཁྲིམས་འགལ་བྱ་སྤྱོད་ནི་བདེ་སྲུང་དང་ཉེས་དོན་གྱོད་དོན་གྱི་ཁོངས་སུ་གཏོགས་པས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ས་གནས་མངགས་གཏོང་ཁང་ལ་གྱོད་དོན་སྙན་ཞུ་ཞུས་ཆོག་ལ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་རྩད་གཅོད་བྱས་ཏེ་ཐག་གཅོད་བྱེད་དགོས། དམངས་ཁྲོད་ཀྱི་རྩོད་རྙོག་ཁོངས་སུ་གཏོགས་ན་ས་གནས་གཞི་རིམ་རྩ་འཛུགས་དང་འབྲེལ་ཡོད་འགན་ནུས་སྡེ་ཁག་བརྒྱུད་དེ་བར་འདུམ་བྱེད་དུ་འཇུག་པ་དང་། ཡང་ན་བཅའ་ཁྲིམས་ཀྱི་འགྲོ་ལུགས་གཞན་པ་བརྒྱུད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་ཆོག

(སོ་གཅིག་པ།)2019ལོའི་ཟླ4ཚེས9ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་པར་སྐྲུན་འགྲེམས་སྤེལ་བྱས་པའི་ནག་འཇོམས་ངན་སེལ་གྱོད་གཞིའི་བསམ་འཆར་བཞི་ནི་གང་དག་ཡིན་ནམ།

《ནག་ཚོགས་སྟོབས་ཤུགས་ཀྱི་ཉེས་དོན་དང་འབྲེལ་བའི་གྱོད་དོན་འགའི་གནད་དོན་སྐོར་གྱི་བསམ་འཆར།》

《“ལམ་བསྒྱུར་དངུལ་བུན”གྱི་ཉེས་དོན་དང་འབྲེལ་བའི་གྱོད་དོན་འགའི་གནད་དོན་སྐོར་གྱི་བསམ་འཆར།》

《ནག་ཚོགས་སྟོབས་ཤུགས་ཀྱི་ཉེས་དོན་དང་འབྲེལ་བའི་གྱོད་དོན་ཁྲོད་ཀྱི་ནོར་སྲིད་ཐག་གཅོད་འགའི་གནད་དོན་སྐོར་གྱི་བསམ་འཆར།》

《“འཇམ་རྩུབ་གཏུམ་སྤྱོད”ཀྱི་ཉེས་དོན་དང་འབྲེལ་བའི་གྱོད་དོན་འགའི་གནད་དོན་སྐོར་གྱི་བསམ་འཆར།》

ཡོངས་སུ་རྫོགས་སོ། 

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།