རྗེས་ཕྱོགས་མྱུར་བགྲོད་གཞུང་ལམ་གྱི་ལམ་གླ་འདི་ལྟར་བསྡུ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《ལམ་གླ་བསྡུ་བའི་གཞུང་ལམ་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་དང་ཞིང་ཆེན་བརྒལ་པའི་མྱུར་བགྲོད་གཞུང་ལམ་གྱི་ཁྲལ་བསྡུ་ས་ཚིགས་མེད་པར་བཟོ་བའི་ལག་བསྟར་ཇུས་གཞི》དངོས་སུ་དཔར་འགྲེམ་བྱས་ཏེ། ཟླ5པའི་ཚེས17ཉིན། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་རྒྱལ་ཡོངས་ཀྱི་ལམ་གླ་བསྡུ་བའི་གཞུང་ལམ་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་དང་ཞིང་ཆེན་བརྒལ་པའི་མྱུར་བགྲོད་གཞུང་ལམ་གྱི་ཁྲལ་བསྡུ་ས་ཚིགས་མེད་པར་བཟོ་བའི་བརྙན་འཕྲིན་གྲོས་ཚོགས་བསྡུས་པ་རེད།

གསར་འགྱུར་ཁྱབ་སྤེལ་གྲོས་ཚོགས་སྟེང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་གསར་འགྱུར་གཏམ་བཤད་པ་ཝུའུ་ཁྲོན་ཀིན་གྱིས་བཤད་རྒྱུར། ཟླ5པའི་ཚེས27ཉིན་གྱི་ཕྱི་དྲོའི་དུས་ཚོད17བར། ཐེན་ཅིན་དང་ཧོའུ་པའེ། ཧྲང་ཧེ། ཅིང་སུའུ། ཀྲོའུ་ཅིང་། ཨཱན་ཧོས། ཅིང་ཞིས། ཁྲོང་ཆིན། སི་ཁྲོན། ཧྲན་ཞིས། ཀན་སུའུ་དང་མཚོ་སྔོན་བཅས་ཞིང་ཆེན12ཀྱིས་སྐུལ་སྤེལ་ཚོགས་ཆེན་བསྡུས་ཟིན་པ་རེད། དམིགས་འབེན་ལས་འགན་དོན་འཁྱོལ་ཡོང་བར་འགན་ལེན་བྱ་ཆེད། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་རྩ་འཛུགས་འགོ་ཁྲིད་ལ་མུ་མཐུད་དུ་ཤུགས་སྣོན་བྱེད་པ། མཛུབ་སྟོན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏང་བ། ཞིང་ཆེན་བརྒལ་པའི་མྱུར་བགྲོད་གཞུང་ལམ་གྱི་ཁྲལ་བསྡུ་ས་ཚིགས་མེད་པར་བཟོ་བའི་བྱ་བ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། དུས་ལྟར་སྤུས་ལེགས་ངང་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་རྒྱུ་ཟེར།

2019ལོའི་ལོ་མཇུག་སྔོན་ལ་གཞི་རྩའི་ཆ་ནས་ཞིང་ཆེན་བརྒལ་པའི་མྱུར་བགྲོད་གཞུང་ལམ་གྱི་ཁྲལ་བསྡུ་ས་ཚིགས་མེད་པར་བཟོ་རྒྱུ་རེད།

2019ལོའི་ཟླ5པའི་ཟླ་མཇུག་སྔོན་ལ། རླངས་འཁོར་སྡོད་མི་དགོས་པར་གློག་རྡུལ་གྱིས་ལམ་གླ་བསྡུ་བ་དང་རླངས་འཁོར་ཨང་རྟགས་བརྒྱུད་ནས་ལམ་གླ་བསྡུ་བ། སྣ་མང་བྱེད་ཐབས་མཉམ་འདྲེས་ཀྱི་ལག་རྩལ་བཀོལ་ནས་ལམ་གླ་བསྡུ་བ་མངོན་འགྱུར་བྱས་ཏེ། སྤྱིའི་ལག་རྩལ་ཇུས་གཞི་དང་བཟོ་སྐྲུན་འཛུགས་སྐྲུན་ཇུས་གཞི། ཚོང་གཉེར་དང་ཞབས་ཞུའི་སྒྲིག་སྲོལ། དྲ་རྒྱའི་བདེ་འཇགས་འགོག་སྲུང་ལམ་ལུགས་སྒྲིག་བཟོ་ལས་འགན་ལེགས་འགྲུབ་བྱ་རྒྱུ་རེད།

2019ལོའི་ཟླ10པའི་ཟླ་མཇུག་སྔོན་ལ། ཀྲུང་དབྱང་དང་ས་གནས་ཀྱི་རིམ་པ་གཉིས་པའི་ཚོང་གཉེར་དོ་དམ་སོགས་མ་ལག་རིམ་སྤར་ལ་སྐུལ་འདེད་བཏང་སྟེ། ལམ་གླ་བསྡུ་བའི་ས་ཚིགས་དང་ལམ་གླ་བསྡུ་སའི་འཁོར་ལམ། རླངས་འཁོར་འདུག་མི་དགོས་པའི་གློག་རྡུལ་ཁྲལ་བསྡུའི་མ་ལག(ETC)དང་མཉེན་ཆས་ཚད་ལྡན་ཅན་འཛུགས་སྐྲུན་སྒྱུར་བཀོད་བྱས་ཤིང་། མ་ལག་དྲ་རྒྱའི་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་བྱེད་པའི་ལས་འགན་ལེགས་འགྲུབ་བྱ་རྒྱུ་རེད།

2019ལོའི་ཟླ12པའི་ཟླ་མཇུག་སྔོན་ལ། མཉམ་འབྲེལ་སྒོས་མ་ལག་སྙོམས་སྒྲིག་དང་ཚོད་ལྟ་བྱས་ཤིང་། གཞི་རྩའི་ཆ་ནས་མ་ལག་བརྗེ་པའི་ཆ་རྐྱེན་ལྡན་ཡོད། དེ་བས་མ་ལག་གསར་བརྗེ་བྱས་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་པའི་མྱུར་བགྲོད་གཞུང་ལམ་གྱི་ལམ་རིན་སྤྲོད་ས་གཞི་རྩའི་ཆ་ནས་མེད་པར་བཟོ་རྒྱུ་རེད་ལ། ད་ཡོད་རླངས་འཁོར་ལETCསྒྲིག་ཆས་རིན་སྤྲོད་མི་དགོས་པར་ནང་འཇུག་བྱེད་པའི་ལས་འགན་ལེགས་འགྲུབ་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།