མཚོ་སྔོན་ཞིང་ཆེན་གྱིས་ཁེ་ལས་ཀྱི་གླ་ཕོགས་ལ་ཕྱོགས་ཡོངས་ནས་རྟོག་ཞིབ་བྱེད་འགོ་བརྩམས།

ཉེ་ལམ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཞིང་ཆེན་ཡོངས་ཀྱི2019ལོའི་ཁེ་ལས་ཀྱི་གླ་ཕོགས་ལ་རྟོག་ཞིབ་བྱ་བའི་ཟབ་སྦྱོང་འཛིན་གྲྭ་གཉེར་ཏེ། རྒྱལ་ཡོངས་ཁེ་ལས་ཀྱི་གླ་ཕོགས་རྟོག་ཞིབ་བྱ་བའི་བླང་བྱ་ལག་ལེན་དོན་འཁྱོལ་དང་། རང་ཞིང་གི2018ལོའི་ཁེ་ལས་ཀྱི་གླ་ཕོགས་རྟོག་ཞིབ་བྱ་བའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་མཛད་པ་དང་། ད་ལོའི་ལས་འགན་ཁག་བཀོད་སྒྲིག་མཛད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར(ཁུལ)དང་ཆུས(རྫོང)ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཁེ་ལས་ཀྱི་གླ་ཕོགས་རྟོག་ཞིབ་ཀྱི་བྱ་བའི་འགན་འཛིན་བློ་མཐུན50ལྷག་ཐེངས་འདིའི་ཟབ་སྦྱོང་དང་ལག་ལེན་ཚོད་ལྟའི་ཁྲོད་ཞུགས།

ཟབ་སྦྱོང་གི་ནང་དུ་ཁེ་ལས་ཀྱི་གླ་ཕོགས་ལ་རྟོག་ཞིབ་བྱེད་པའི་དམིགས་ཚད་ལ་འགྲེལ་བཤད་དང་རེའུ་མིག་བསྐངས་ནས་ཡིད་འཇོག་དགོས་པའི་དོན་ཚན། དེ་མིན་གཞི་གྲངས་དབྱེ་ཞིབ་མཉེན་ཆས་ཀྱི་བཀོལ་སྤྱོད་སོགས་ཕྱོགས་ནས་འཁྲིད་ཅིང་། རྩིས་འཁོར་བཀོལ་སྤྱོད་དང་དེ་ལག་ལེན་གྱི་གོ་རིམ་ལ་ཚོད་ལྟ་བྱས་པ་དང་ཆབས་ཅིག ཡུལ་དངོས་སུ་ཁེ་ལས1552ལ་རྟོག་ཞིབ་བྱས་པའི་མ་དཔེ་སྐོར་དང་པོ་གསལ་འབེབས་བྱས་ནས་བཀྲམས། 

ཁེ་ལས་ཀྱི་གླ་ཕོགས་རྟོག་ཞིབ་བྱ་བ་ནི《སྡོམ་རྩིས་བྱེད་ཐབས》ཀྱི་གཏན་འབེབས་ལྟར་རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་ཆོག་མཆན་གནང་རྗེས། མི་ཤུགས་ཐོན་ཁུངས་པུའུ་ཡི་གཅིག་གྱུར་སྒྲིག་འཛུགས་ཐོག་སྤེལ་བའི་རྟོག་ཞིབ་ཀྱི་ལས་གཞི་གལ་ཆེན་ཞིག་རེད་ལ། ཁེ་ལས་ཀྱི་གླ་ཕོགས་ཆ་འཕྲིན་ཅི་རིགས་སྒྲོག་བྱེད་ཀྱི་གཞི་འཛིན་ས་དང་རྨང་གཞི་རང་བཞིན་གྱི་ལས་ཀ་ཞིག་རེད། དེས་ཁེ་ལས་ལ་སྐུལ་འདེད་དང་མིས་བཟོས་མ་རྩ་དོ་དམ་ལ་ཤུགས་སྣོན། ཁེ་ལས་ཀྱིས་ལས་བཟོ་བའི་གླ་ཕོགས་ཆུ་ཚད་གཏན་འབེབས་ལུགས་མཐུན་བྱེད་པར་སློབ་སྟོན། ངལ་རྩོལ་ནུས་ཤུགས་འཁོར་སྐྱོད་གོ་རིམ་ལྡན་པར་ཁྲིད་སྟོན། མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་བརྟན་འཇགས་སྲུང་སྐྱོང་བྱེད་པ་བཅས་ལ་ནུས་པ་གལ་ཆེན་འདོན་པ་རེད། ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཁེ་ལས་ཀྱི་གླ་ཕོགས་རྟོག་ཞིབ་བྱ་བར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་ངལ་རྩོལ་འབྲེལ་བ་སི་ཡིས་ཁས་ལེན་དང་གཟེངས་བསྟོད་ཐེངས་དུ་མར་ཐོབ་པ་མ་ཟད། 2016ལོར་རྒྱལ་ཡོངས་ནས་གྲོང་ཁྱེར་དང(ཁུལ)རིམ་པར་རྟོག་ཞིབ་ཀྱི་བྱ་བ་ཡོངས་སུ་ཁེབས་པའི་སྐོར་དང་པོར་གྱུར། ད་ལོ་ནི་རང་རེའི་ཞིང་ཆེན་གྱིས་བསྟུད་མར་ཁེ་ལས་ཀྱི་གླ་ཕོགས་རྟོག་ཞིབ་བྱ་བ་སྤེལ་བའི་ལོ་བརྒྱད་པ་ཡིན་ཞིང་། རྟོག་ཞིབ་ཀྱི་ཁྱབ་ཁོངས་སུ་གྲོང་ཁྱེར(ཁུལ)8དང་། ཆུས(རྫོང)35འདུས། ཚོད་དཔག་བྱས་ན་ལས་རིགས་ཆེ་ཤོས་མི་འདྲ་བ18ཀྱི་ཁེ་ལས1630ལ་རྟོག་ཞིབ་དགོས་པ་སྟེ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་མི་འདྲ་བའི་ལས་བཟོ་བ་ཁྲི11ལྷག་ལ་འབྲེལ་བ་ཡོད་པ་རེད།

ཕྱིས་སུ་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་གཅིག་གྱུར་བཀོད་སྒྲིག་དང་། སྒྲིག་འཛུགས་ཞིབ་ཚགས། རྟོག་ཞིབ་ཏན་ཏིག་བྱེད་པ་གཞི་བཟུང་། “རྟོག་ཞིབ་གཞི་གྲངས་ཀྱི་སྤུས་ཚད་ལོའི”བླང་བྱར་སྦྱར་ནས་རིམ་ཁག་རྟོག་ཞིབ་དང་དེའི་གཞི་གྲངས་ཀྱི་འགག་གནད་དམ་འཛིན་ཐོག རྟོག་ཞིབ་ཀྱི་ལས་འགན་ཁག་གྲལ་དག་པོ་ཞིག་བསྒྲུབ་རྒྱུ་མ་ཟད། མྱུར་ལ་ཡང་དག་པའི་སྒོ་ནས་རྟོག་ཞིབ་འཇུག་འབྲས་ཡར་ཞུ་བྱས་ནས་ད་ལོར་རང་རེའི་ཞིང་ཆེན་གྱི་ཁེ་ལས་ཀྱི་གླ་ཕོགས་རྟོག་ཞིབ་དང་ཆ་འཕྲིན་སྒྲོག་སྤེལ་ལས་ཀ་གེགས་མེད་བདེ་བླག་ངང་ནས་འགྲུབ་པར་འགན་ལེན་བྱ་རྒྱུ་རེད།

ཁོན་ཐར་འཚོས་བསྒྱུར།