རྨ་ལྷོ་ཁུལ་གྱིས་ཀུ་ཡངས་གཅིག་ཀྱང་མེད་པའི་རྩ་དོན་གཞིར་བཟུང་སྟེ“དཔང་ཡིག་མེད་པའི་རླངས་འཁོར”ལ་རྩད་གཅོད་གཙང་སེལ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ5པའི་ཚེས23ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འགྲིམ་འགྲུལ་ཡན་ལག་རུ་ཁག་དང་རེབ་གོང་རྫོང་འགྲིམ་འགྲུལ་རུ་ཆེན་བཅས་རིམ་པ་མི་འདྲ་བའི་འགྲིམ་འགྲུལ་ལས་ཁུངས་གཉིས་ཀྱིས་མཉམ་འབྲེལ་བྱས་ཏེ་ཁུལ་དང་རྫོང་གི་སྐྱེལ་འདྲེན་བདག་དོམ་པུའུ་ལ་མཉམ་འབྲེལ་སྒོས་ཁྲིམས་འགལ་སྐྱེལ་འདྲེན་བྱེད་པའི“དཔང་ཡིག་མེད་པའི་རླངས་འཁོར”ལ་རྡུང་རྡེག་གཏོང་བའི་ཆེད་དོན་འགུལ་སྐྱོད་སྤེལ་བ་རེད།

འགུལ་སྐྱོད་ཁྲོད་དུ་འགྲིམ་འགྲུལ་ཉེན་རྟོག་པ་དང་སྐྱེལ་འདྲེན་བདག་དོམ་ཁྲིམས་འཛིན་མི་སྣས་མཉམ་འབྲེལ་ཞིབ་བཤེར་ཚོ་ཆུང་བཙུགས་སྟེ། ས་གནས་གང་དེའི་རླངས་འཁོར་གྱི་འཁོར་རྒྱུགས་ཁྱད་ཆོས་དང་ཁྲིམས་འགལ་སྒྲིག་འགལ་གཞིར་བཟུང་སྟེ། མྱུར་བགྲོད་གཞུང་ལམ་གྱི་རེབ་གོང་བྱང་རྒྱུད་ཀྱི་འབུད་སྒོ་དང་ཨ་གསེར་གཞུང་ལམ་གྱི་ཞིབ་བཤེར་ས་ཚིགས་སུ་གནས་སྐབས་ཞིབ་བཤེར་ས་གནས་མི་འདྲ་བ་གཉིས་བཙུགས་སྟེ། ས་གནས་གཏན་ཁེལ་དང་རླངས་འཁོར་གྱི་འཁོར་རྒྱུགས། དུས་ཚོད་གཏན་ཁེལ་དང་དུས་ཚོད་ནོར་སྡེབ་ཀྱི་བྱེད་ཐབས་གཞིར་བཟུང་སྟེ། ཁྲིམས་ལྟར་འགྲོ་སྐྱོད་བྱེད་པའི་རླངས་འཁོར་དག་ལ་ཞིབ་བཤེར་བྱས་པ་རེད། དེ་ཡང་ཞིབ་བཤེར་བྱ་ཡུལ་གཙོ་བོ་དེ་ཁྲིམས་འགལ་སྐྱེལ་འདྲེན་དང་མི་སྣའི་འདུག་ཚད་བརྒལ་བ། འགྲུལ་སྐྱེལ་རླངས་འཁོར་གྱི་འགྲུལ་བ་དག་གིས་བདེ་འཇགས་སྐ་རགས་བཅིངས་མེད་པ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཡིན། འགྲིམ་འགྲུལ་ཉེན་རྟོག་པ་དང་སྐྱེལ་འདྲེན་བདག་དོམ་སྡེ་ཁག་མི་སྣ་དག་གིས་རང་འགན་རང་འཁྲི་དང་ལེན་བྱས་ཏེ་ཁྲིམས་འགལ་སྒོས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཁ་ལོ་བ་དག་ལ་ཐག་གཅོད་ནན་མོ་བྱས་ཏེ། རླངས་འཁོར་ནང་གི་འགྲུལ་བ་དག་ལ་ཡོངས་ཁྱབ་བཅའ་ཁྲིམས་དང་བདེ་འཇགས་དྲིལ་སྒྲོག་ཁྲིད་སྟོན་བྱས་ཏེ། “དཔང་ཡིག་མེད་པའི་རླངས་འཁོར”གྱི་གནོད་འཚེ་རང་བཞིན་གསལ་སྟོན་བྱས་ཡོད། ཐེངས་འདིའི་མཉམ་འབྲེལ་ཆེད་དོན་དག་ཐེར་ཁྲོད་དུ་ཁྲིམས་འཛིན་ལག་བསྟར་མི་སྣ25ཟབ་ཞུགས་བྱས་ཤིང་། ཁྲིམས་འཛིན་རླངས་འཁོར2 ཀྱིས་འགྲུལ་སྐྱེལ་རླངས་འཁོར45ལ་ཞིབ་བཤེར་བྱས་ཏེ། ཁྲིམས་ལྟར་ཁྲིམས་འགལ་སྐྱེལ་འདྲེན་བྱེད་པའི“དཔང་ཡིག་མེད་པའི་རླངས་འཁོར”འགའ་བཀག་གཉེར་བྱས་ཤིང་། ཁྲིམས་འགལ་སྐྱེལ་འདྲེན་ཚོང་གཉེར་མཁན་ལ་འཇིགས་སྣང་བཟོས་ཤིང་། ཁྲིམས་འཛིན་མཉམ་འབྲེལ་གྱི་ཕན་ནུས་ཡང་མཐོར་འདེགས་སུ་བཏང་སྟེ། དག་ཐེར་དང་སྒྲིག་སྲོལ་སྔར་ལས་གོམ་གང་མདུན་སྤོས་སུ་བཏང་ནས་གཞུང་ལམ་འགྲུལ་སྐྱེལ་ཁྲོམ་རའི་ཚོང་གཉེར་འགྲོ་རིམ་དེ་སྒྲིག་སྲོལ་ཅན་ཏུ་བཏང་ཡོད་པ་རེད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།