《ས་སྐྱ་པཎྜི་ཏ་དང་ལེང་ཀྲུའུ་གྲོས་མོལ》ཞེས་པའི་འགྲེམས་སྟོན་འགོ་ཚུགས་མཛད་སྒོ་པེ་ཅིང་དུ་བསྡུས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན། རྒྱལ་སྤྱིའི་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོ་ཞེ་གསུམ་པ་དང་། དགོན་སེར་ནུབ་མའི་རྟེན་རྫས་བཤམས་མཛོད་ཁང་སྒོ་འབྱེད་ནས་ལོ་ངོ་གཅིག་འཁོར་པ་དང་འཁེལ་བའི་སྐབས་འདིར།《ས་སྐྱ་པཎྜི་ཏ་དང་ལེང་ཀྲུའུ་གྲོས་མོལ》ཞེས་པའི་འགྲེམས་སྟོན་དབུ་འབྱེད་མཛད་སྒོ་དེ་པེ་ཅིང་དགོན་སེར་ནུབ་མའི་རྟེན་རྫས་བཤམས་མཛོད་ཁང་དུ་བསྡུས།

སྤྱི་ལོ1247ལོར། ས་སྐྱ་པཎྜི་ཏ་དང་ཧོར་གོ་དན་རྒྱལ་པོ་གཉིས་ཀྱིས་དེང་གི་ཀན་སུའུ་ཝུའུ་ཝེར“ལེང་ཀྲུའུ་གྲོས་མོལ”མཛད་དེ《 ས་སྐྱ་པཎྜི་ཏས་དབུས་གཙང་མངའ་རིས་དང་བཅས་པའི་དགེ་བའི་བཤེས་གཉེན་ཡོན་མཆོད་རྣམས་ལ་སྤྲིངས་པ》ཅེས་པ་ཁྱབ་བསྒྲགས་བྱས་ཏེ་བོད་འདི་ཉིད་ཀྲུང་གོའི་མངའ་ཁོངས་སུ་བཅུག་ཅིང་། ཀྲུང་དབྱང་སྲིད་གཞུང་གི་སྲིད་འཛིན་ས་ཁོངས་ཤིག་ཏུ་གྱུར། དེ་ནི་བོད་ས་གནས་དང་མེས་རྒྱལ་གྱི་འབྲེལ་བའི་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ལ། སོག་བོད་མི་རིགས་ཀྱིས་ཐུན་མོང་ཐོག་མེས་རྒྱལ་ཞི་བས་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད་པ་ཞིག་ཡིན།

བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་གཏོང་ཆེད། དགོན་སེར་ནུབ་མའི་རྟེན་རྫས་བཤམས་མཛོད་ཁང་གིས་འགྲེམས་སྟོན་གྲ་སྒྲིག་གནང་པའི《ས་སྐྱ་པཎྜི་ཏ་དང་ལེང་ཀྲུའུ་གྲོས་མོལ》འགྲེམས་སྟོན་དེ་ནི་རྟེན་རྫས་བཤམས་མཛོད་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུར“མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་པ་དང་། རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས།སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི”བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་གནང་པའི་བྱེ་བྲག་གི་མངོན་སྟངས་ཤིག་ཡིན།

ཀྲུང་གོའི་ནང་བསྟན་མཐུན་ཚོགས། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་བརྒྱུད་ནང་བསྟན་ལས་དོན་མཛུབ་ཁྲིད་ཨུ་ལྷན། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ལྷན། དེ་བཞིན་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་དང་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། པེ་ཅིང་དགའ་ལྡན་བྱིན་ཆགས་གླིང་དོ་དམ་ཁྲུའུ་སོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་རྒན་བཅས་ཁྱོན་མི་བརྒྱ་ལྷག་དབུ་འབྱེད་མཛད་སྒོར་ཞུགས་པ་དང་འབྲེལ་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་། དབུ་འབྱེད་མཛད་སྒོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཏང་ཙུའུ་ཡི་ཁོངས་མི། གླིང་གཙོ་གཞོན་པ་གནམ་ལྷ་བཀྲ་ཤིས་ཀྱིས་གཙོ་སྐྱོང་གནང་།

དབུ་འབྱེད་མཛད་སྒོ་སྤེལ་ཡུལ་དུ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི།རྒྱུན་ལས་གླིང་གཙོ་གཞོན་པ་ཝང་ཁྲང་ཡུས་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གླིང་གཙོ་གཞོན་པ་སྒོ་མང་ཚང་གིས་རིམ་བཞིན་ཤིས་ཚིག་གསུངས་པ་རེད། ཝང་ཁྲང་ཡུས་ཀྱིས་ཤིས་ཚིག་གསུང་སྐབས། 《ས་སྐྱ་པཎྜི་ཏ་དང་ལེང་ཀྲུའུ་གྲོས་མོལ》གྱི་འགྲེམས་སྟོན་པར་ཡིག་མཉམ་དུ་ཡོད་པ་དང་། ལོ་རྒྱུས་དཔྱད་ཡིག་ཁ་གསལ་དོན་དངོས་ཡིན་པས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་ཕུལ་བྱུང་རྒྱུན་འཛིན་དར་སྤེལ་བཏང་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པ་དག་གི་ངང་རྒྱུད་བཟང་པོ་དང་བླ་ན་མེད་པའི་ཐུགས་དགོངས་ཡང་མངོན་པར་བྱས་འདུག དགོན་སེར་ནུབ་མའི་རྟེན་རྫས་བཤམས་མཛོད་ཁང་གི་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོའི་སློབ་གསོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རྟེན་རྫས་བཤམས་མཛོད་ཁང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་ཁྲིད་ཀྱི་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་བསྟན།

དེའི་རྗེས་སུ་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འབྲེལ་ཡོད་བློ་མཐུན་གྱིས་དགོན་སེར་ནུབ་མའི་རྟེན་རྫས་བཤམས་མཛོད་ཁང་ལ《ས་སྐྱ་པཎྜི་ཏ་དང་ལེང་ཀྲུའུ་གྲོས་མོལ》ཞེས་པའི་པར་དེབ་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 《ས་སྐྱ་པཎྜིཏ་དང་ལེང་ཀྲུའུ་གྲོས་མོལ》ཞེས་པའི་འགྲེམས་སྟོན་གྱི་དམིགས་ཡུལ་ནི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་སྐྱེས་ཆེན་དམ་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་པ་བརྒྱུད། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་པ། བྱང་ཚད་མཐོ་བའི་དགེ་འདུན་པའི་རྒྱལ་གཅེས་སྙིང་སྟོབས་ཀྱི་ནང་དོན་སྐྱེད་བསྲིངས་བྱེད་རྒྱུ་དང་། རྟེན་རྫས་བཤམས་མཛོད་ཁང་གི་ལས་སྟེགས་བརྒྱུད“མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི”ལོ་རྒྱུས་ཀྱི་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་བཟང་པོ་འཆད་རྒྱུ་དེའོ།

ཤེས་རྟོགས་བྱུང་བ་ལྟར་ན། འགྲེམས་སྟོན་འདི་དགོན་སེར་ནུབ་མའི་རྟེན་རྫས་བཤམས་མཛོད་ཁང་གི་སྒྲིག་གཤོམ་འགྲེམས་སྟོན་གྱི་ངོས་ནས་ཕྱི་ཕྱོགས་སུ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་དང་། འགྲེམས་སྟོན་གྱི་དུས་ཚོད་ནི་གཟའ་སྤེན་པ་དང་གཟའ་ཉི་མ། (ཆུ་ཚོད9:00ཡི་སྟེང་སྒོ་འབྱེད་རྒྱུ་དང་། ཆུ་ཚོད16:00སྟེང་སྒོ་བརྒྱབ་ནས་འགྲེམས་མཚམས་འཇོག་རྒྱུ་རེད།)