ལྷོ་ནུབ་མི་རིགས་སློབ་ཆེན་དུ་བོད་ཀྱི་པར་རྐོས་ལག་རྩལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་འགོ་ཚུགས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། སྤྱི་ཟླ5པའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཚོགས་པའི2019ལོའི་སྒྱུ་རྩལ་སྐོར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རོགས་སྐྱོར་ལས་གཞི་ལས་བོད་ཀྱི་པར་རྐོས་ལག་རྩལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འགོ་བཙུགས་མཛད་སྒོ་དེ་ཁྲེན་ཏུའུ་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཚོགས། མཛད་སྒོའི་ཐོག་ཆེད་མཁས་པ་དང་པར་རྐོས་ལག་རྩལ་པ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་མ་སོགས་མི་སྣ་བརྒྱ་ཕྲག་ལྷག་ཞུགས་ཡོད།

དེ་ནས་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྔོན་གྱི་སྤྱི་ཁྱབ་ལས་འཛིན་པ་གཞོན་པ་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་དགེ་ལེགས་དང་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་པར་དཔོན་ཚངས་བཀྲ་སོགས་ཀྱིས་འགོ་བཙུགས་མཛད་སྒོའི་ཐོག་གཏམ་བཤད་གནང་བ་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོ་བསོད་ནམས་ཕུན་ཚོགས་ཀྱིས་མཛད་སྒོ་ལ་འགོ་འཛིན་གནང་ཞིང་། མཇུག་མཐར་ལས་གཞིའི་གཙོ་སྐྱོང་པ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་དཔལ་རྡོས་ལས་གཞིའི་རྒྱབ་ལྗོངས་དང་པར་རྐོར་ལག་རྩལ་གསོ་སྐྱོང་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་།

གཞན་ཡང་ཚངས་བཀྲ་དང་དབྱིན་པང་ཀྲི་དང་ཚེ་རིང་འགྱུར་མེད། བཀྲ་ཤིས་དཔལ་འབྱོར། འཇམ་གྲགས། ཡ་མ་ཚེ་རིང་། དཀོན་མཆོག་བསྟན་འཛིན་སོགས་ཀྱིས་རང་གི་ཆེད་ལས་དང་མྱོང་ཚོར་སོགས་གཅིག་ཏུ་འབྲེལ་ནས་པར་རྐོས་ལག་རྩལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་བཞེད་ཚུལ་ལྷུག་པོར་བརྗོད་ཅིང་། པར་རྐོས་ལག་རྩལ་གྱི་མ་འོངས་པ་དེ་འོད་སྣང་ལྡན་པ་ཞིག་ལ་འགྱུར་བའི་ཡིད་ཆེས་དང་རེ་བས་ཁེངས།

བོད་ཀྱི་པར་རྐོས་ལག་རྩལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་ཞེས་པ་འདི་ནི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ལ2019ལོའི་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ཚོགས་པའི་རོགས་སྐྱོར་ཐོབ་པའི་ལས་གཞི་ཞིག་ཡིན་ལ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོས་གཙོ་སྒྲུབ་དང་། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་དང་སྡེ་དགེ་རྫོང་མི་རིགས་ལག་ཤེས་བཟོ་རྩལ་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གིས་རོགས་སྒྲུབ་བྱས་ཤིང་། རྒྱལ་ཡོངས་ལ་ཁ་ཕྱོགས་ནས་སློབ་མ་ཉི་ཤུ་དངོས་སུ་བསྡུས་ཡོད། ཐེངས་འདིའི་གསོ་སྐྱོང་གི་དུས་ཡུན་ནི་ཉིན85ཡིན་ལ། དེ་ལས་གཅིག་གྱུར་གསོ་སྐྱོང་གི་དུས་ཡུན་ནི་ཉིན45ཡིན་པ་རེད། དེ་ལས་བོད་ཀྱི་པར་རྐོས་ལག་རྩལ་འདི་ཉིད་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ལ་ཚོན་མདངས་རྣམ་པ་བཀྲ་བའི་མཛེས་རྒྱན་སྤྲས་པར་བརྩོན་བཞིན་པ་མངོན་ནོ། །