རྒྱལ་ནང་གི་ཆེས་ཐོག་མའི་མཐོ་སྒང་མཁའ་འགྲུལ་ཐུང་ངུའི་ཚོད་ལྟ་མཚོ་སྔོན་ནས་ལེགས་འགྲུབ་བྱུང་བ།

ཟླ5ཚེས18ཉིན། རང་བཞིན་བབ་ཆགས་ལ་གཏན་འཇགས་ཡིན་པའི་བར་སྣང་རྒྱལ་པོ350རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་མཚོ་སྔོན་གྱི་མཚོ་ནུབ་ཁུལ་གཏེར་ལེན་ཁ་དང་ན་གོར་མོ། ཧྭ་ཐུའུ་ཀུའུ་བར་གྱི་ཡན་ལག་གནམ་ཐང་བར་གྱི་གནམ་གྲུ་ཤར་གཏོང་གི་ཚོད་ལྟ་ལེགས་འགྲུབ་བྱུང་ནས་རྒྱལ་ནང་དུ་ས་ཐག་ཉེ་སའི་བར་ལ་ཚོད་གཏོང་བྱས་པའི་གནམ་གྲུ་ཐོག་མར་གྱུར། དེ་ནི་རང་རེའི་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱིས་བཟོས་པའིARJ21རྟགས་ཅན་གྱི་གནམ་གྲུ་དང་། པཱ་ཞི་མཁའ་འགྲུལ་བཟོ་ལས་ཀྱིE190-E2རྟགས་ཅན་གྱི་གནམ་གྲུ་སོགས་མཐོ་སྒང་དུ་འཕུར་སྐྱོད་ལ་འཚམ་པའི་གནམ་གྲུ་གསར་པ་འཚོལ་ཞིབ་བྱས་རྗེས་ཀྱི་ཚོད་ལྟ་ཐེངས་ཤིག་རེད།

མཚོ་སྔོན་ནི་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བའི་ཞིང་ཆེན་ཞིག་ཡིན། ད་སྔ་ཡན་ལག་གནམ་ཐང6ཡོད་ཅིང་གཙོ་ཆེ་ཟི་ལིང་གི་བར་འགྲོ་འོང་བྱེད་པའི་བར་སྣང་གི་ཟམ་པ་ལྟ་བུར་ཆགས་ཡོད། ཡིན་ནའང་གནམ་ཐང་བར་ལ་ཁྲོམ་རའི་དགོས་མཁོ་དང་བསྟུན་ཐུབ་པའི་གནམ་གྲུ་དཀོན་ཞིང་། མང་ཚོགས་ཀྱི་འགྲོ་འོང་སྔར་བཞིན་ས་ངོས་ཀྱི་བགྲོད་ལམ་ལ་བརྟེན་གྱི་ཡོད་པས། ལམ་ཐག་རིང་ལ་ཆུ་ཚོད་མང་པོ་དགོས་པ། མ་རྩ་མཐོ་བ་རེད། དེ་བས་མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་བསམ་བློ་སྟེ“འགྲུལ་ལམ་གསབ་རེས། གཤོག་ཟུང་མཉམ་རྐྱོང”ལག་ལེན་དུ་བསྟར་ཏེ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི“ས་ཐག་ཉེ་སའི་བར་ཚོང་ཟོང་སྐྱེལ་ཐུབ་པའི་མཁའ་འགྲུལ་ཐོན་ལས་མགྱོགས་པོར་གོང་དུ་སྤེལ་དགོས”པའི་སློབ་སྟོན་དང་བླང་བྱ་གལ་ཆེན་ལག་ལེན་མཐའ་འཁྱོལ་བྱ་བ་རང་དགན་དུ་བླངས་ནས་བཀོད་པ་ཆེན་པོ་འཐེན། ལོ་གཅིག་གི་སྔོན་ལ་མཁའ་འགྲུལ་ཐུང་ངུའི་ལས་གཞི་ལ་འཆར་འགོད་བྱས་ནས་མ་དངུལ་རང་གིས་གྲབས་བསྡུ་བྱས་ནས་ཐེངས་འདིའི་གནམ་གྲུ་ཚོད་གཏོང་བྱས་པ་རེད།

ཤེས་གསལ་ལྟར་ན། བར་སྣང་གི་རྒྱལ་པོ350རྟགས་ཅན་གྱི་གནམ་གྲུ་འདིའི་རིང་ཚད་ལ་སྨི14.2དང་དཔང་ལ་སྨི4.4། གཤོག་འདབས་ཀྱི་རིང་ཚད་ལ་སྨི17.6ཡོད་ཅིང་། ཆེ་ཤོས་སུ་མི12ཚུད་ཐུབ་ཀྱི་ཡོད། ས་ཐག་ཉེ་སའི་བར་དུ་འཕུར་སྐྱོད་དང་འབབ་སྡོད་ཐུབ་པའི་ནུས་པ་ཡོད་པས་གནམ་ཐང་ཆུང་གྲས་དང་ས་ཐག་ཉེ་སའི་བར་གཏོང་པ་ལ་ཤིན་ཏུ་འཚམ། ཐེངས་འདིར་ཚོད་གཏོང་བྱེད་སྐབས་གནམ་ཟླ་ཅུང་མི་ལེགས་ན་ཡང་། ཁོར་ཡུག་ཅུང་རྩུབ་པའི་འོག་གནམ་གྲུའི་འཕུར་སྐྱོད་ནུས་པ་དང་འཚམ་པོ་ཡིན་མིན་སོགས་ལ་ཚོད་ལྟ་ཚད་ལེན་བྱས།

མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་པས། མཁའ་འགྲུལ་ཐུང་ངུའི་ཚོད་ལྟ་ལེགས་འགྲུབ་བྱུང་བ་དེས་རང་རེའི་ཞིང་ཆེན་གྱི་མངའ་ཁོངས་ཀྱི་ས་གནས་ཕན་ཚུན་བར་གྱི་ཟོང་སྐྱེལ་ལ་སྟབས་བདེ་བཟོས་ཡོད་པར་མ་ཟད། མཚོ་ནུབ་ཀྱི་ཡན་ལག་གནམ་ཐང་གི་གནམ་གྲུ་མཐུད་གཏོང་ལ་རྨང་གཞི་བརྟན་པོ་བཏིངས་ཡོད་པས། དེ་ནི་མཚོ་སྔོན་གྱི་མཐོ་སྒང་ཡན་ལག་གནམ་ཐང་གིས་ཉེ་འཕུར་ཟུང་སྐྱེལ་གྱི་མཁའ་འགྲུལ་ནང་འདྲེན་དང་། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཞབས་ཞུ་ལེགས་སྒྱུར་ལ་སོགས་ཀྱི་ཕྱོགས་སུ་ཐོབ་པའི་ཐོད་བརྒལ་རང་བཞིན་གྱི་འབྲས་རྟགས་ཤིག་ཡིན་པ་བསྟན།

ཁོན་ཐར་འཚོས་བསྒྱུར།